ཀྲུང་ཨའི་འབྲེལ་བར་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པར་སྟོབས་ཤུགས་སྐྱེས་སུ་འབུལ་བ།
ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ལས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་དགེ་སློབ་ལ་ལྕག་སྐུལ་ཆེན་པོ་ཐེབས་པ།
ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་ཏེ་ཁོང་ཚོར་རྒྱ་ཡིག་ཡག་པོ་སྦྱོང་བ་དང་ཀྲུང་གོ་ཤེས་རྟོགས་ཡོང་བ་བྱས་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་གྱི་མཛའ་གཅུགས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་དགེ་སློབ་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་དྲོ་སྐྱིད་དང་སྟོབས་ཤུགས་ཀྱིས་ཕྱུག་པས། ཁོང་ཚོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་རྒྱ་ཡིག་སློབ་ཁྲིད་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཐག་སྔར་བས་དམ་དུ་གཏོང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨ་རབ་དང་ཀྲུང་གོའི་མཛའ་གྲོགས་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པ་བཅས་ལ་སྐུལ་ལྕག་ཐེབས་རྒྱུ་རེད་ཅེས་བརྗོད།
“ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་སྐུལ་འདེད་གཏོང་གི་ཡིན”
ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ལོ་5ཡི་གོང་། ང་དང་ཙུང་ཐུང་མུའུ་ཧན་མོ་ཏེས་མཉམ་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ལག་བསྟར་བྱེད་འགོ་བཙུགས་པ་ཡིན། ད་ཆ“རྒྱ་ཡིག་སྦྱོང་བ”དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ནས་ཁྱེད་ཚོ་ལྟ་བུའི་ཀྲུང་གོ་དང་ཨ་རབ་དབར་གྱི་སྤེལ་རེས་ཕོ་ཉ་ཆུང་ཆུང་ཁག་གཅིག་གསོ་སྐྱོང་བྱས་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད།
“ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ”ཅེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་ལག་བསྟར་འགན་འཁུར་བ་ཧྥ་ཏི་མཱ་ཡིས་བཤད་པ་དང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ནི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་གྲུབ་འབྲས་ལ་ཁས་ལེན་གནང་བ་ཞིག་རེད་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སློབ་མས་སྤྲོ་སེམས་དེ་བས་ཆེན་པོས་རྒྱ་ཡིག་སྦྱངས་ཏེ་ཨ་ཀྲུང་གི་མི་ཆོས་རིག་གནས་སྤེལ་རེས་དང་། ལྷག་པར་དུ། རིག་གནས་དང་སློབ་གསོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བར་སྐུལ་ལྕག་ཐེབས་རྒྱུ་རེད་ཅེས་བཤད།
ཧྥེ་སར་ནི་ཧ་མུའུ་ཏན་སློབ་གྲྭའི་ལོ་རིམ་བཅུ་གཅིག་པའི་སློབ་མ་ཞིག་ཡིན་ཞིང་། ཁོ་པས“ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་རྗེས་ང་རང་དངོས་གནས་ཧ་ཅང་དགའ་པོ་བྱུང”ཞེས་རང་ཉིད་ཀྱིས་འཕྲིན་ལན་གྱི་ནང་དོན་ཡང་ཡང་བཀླགས་པ་དང་འབྲེལ་འཕྲལ་དུ་ནང་མི་དང་གྲོགས་པོ་ཚོ་དང་དགའ་ཚོར་མཉམ་སྤྱོད་བྱས་ཚུལ་གསར་འགོད་པར་བཤད་པ་དང་། ཧྥེ་སར་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ལས་ངས་རྒྱ་ཡིག་སྦྱོང་སྐབས་དེ་བས་གདེང་ཚོད་དང་སེམས་ཤུགས་འཕེལ་སོང་ཞེས་བཤད།
“ཀྲུང་ཨའི་གཞོན་ནུ་མི་རབས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་ནུས་ལྡན་ཐེབས་ཡོད”
ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། གཞོན་ནུ་ལོ་ཆུང་གིས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཛའ་གྲོགས་འབྲེལ་བའི་འབྱུང་འགྱུར་མཚོན་གྱི་ཡོད། ཁྱེད་ཚོ་ཀྲུང་གོར་དོམ་ཁྲར་ལྟ་བ་དང་ལྕགས་རི་རིང་པོ་འཛེགས་པར་ཡོང་ནས་ནར་སོན་རྗེས་ཀྲུང་གོར་སློབ་ཆེན་འགྲིམ་རྒྱུའི་དགའ་བསུ་ཞུ་གི་ཡིན་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞོན་ནུ་ལོ་ཆུང་དེ་བས་མང་བས་རྒྱ་ཡིག་སློབ་སྦྱོང་དང་ཀྲུང་གོ་ཤེས་རྟོགས་བྱས་ཏེ་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། མཛའ་གྲོགས་ཀྱི་ས་བོན་སེམས་ཀྱི་ཞིང་ས་གཤིན་པོར་བཏབ་སྟེ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་དགའ་བསུ་ཡང་ཞུ་གི་ཡིན་ཞེས་གསུངས་ཡོད།
ཧ་མུའུ་ཏན་སློབ་གྲྭའི་ལོ་རིམ་བཅུ་གཉིས་པའི་སློབ་མ་ཨ་ལི་ཡཱ་ཙི་ཡཱས“སྤོ་བོ་ཞི་ལགས་ལ་བསྐུར་བའི་ཡི་གེའི་ནང་ང་རང་རྒྱ་སྐད་འབྲེལ་ཟམ་གྱི་འགྲན་བསྡུར་ལ་ཞུགས་ནས་ཨང་གཉིས་པ་ཐོབ་མྱོང་བའི་སྐོར་ཞུས་པ་ཡིན། རང་ཉིད་ཀྱི་རྒྱ་ཡིག་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སླད་ཕྱིན་ཀྲུང་གོར་སློབ་ཆེན་འགྲིམ་པའི་གོ་སྐབས་ཐོབ་རེ་བྱེད་ཀྱི་ཡོད”ཅེས་བཤད།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སློབ་ཆེན་གྱི་སྨྱན་སྦྱོར་དང་བསམ་བཀོད་ཐོན་ལས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཅང་ཧྲུའུ་ཅུན་གྱིས། སྐད་ཡིག་ནི་རིག་གནས་སྤེལ་རེས་ཀྱི་གཞི་རྟེན་ཡིན་པས་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱས་ན་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད། “ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི‘སློབ་གྲྭ་བརྒྱའི་རྣམ་གྲངས’འཕེལ་རྒྱས་མྱུར་པོ་ཕྱིན་པ་དེས་རྒྱལ་ཁབ་གཉིས་པོའི་སློབ་མ་སྤེལ་རེས་དང་ཕན་ཚུན་འཚམས་འདྲིར་ཡོང་བར་སྐུལ་ཁྲིད་ཐུབ་པ་མ་ཟད། ཀྲུང་ཨའི་གཞོན་ནུ་མི་རབས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་ནུས་ལྡན་ཡང་ཐེབས་ཡོད”ཅེས་བཤད།
“རྒྱ་ཡིག་སྦྱངས་ན་ངའི་མདུན་ལམ་སྔར་བས་འོད་ཟེར་ལྡན་པར་གྱུར་ངེས”
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་དགེ་སློབ་ཚོས། ཀྲུང་གོའི་རིག་གནས་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པ་དང་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་ཡོད་ཅེས་ཡོངས་ཁྱབ་ཏུ་བཤད། ཁོང་ཚོས་རྒྱ་ཡིག་སློབ་པ་དང་རྒྱ་ཡིག་སྦྱོང་བ་བརྒྱུད་ཨ་ཀྲུང་གི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་ལ་མུ་མཐུད་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
“ང་ལ་ཀྲུང་གོའི་འགྱུར་ལྡོག་ཧ་ཅང་ཆེན་པོར་བདེན་དཔང་བྱེད་པའི་སྐལ་བ་ཐོབ་བྱུང་། ཀྲུང་གོའི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དང་། ཚན་རྩལ་ཡར་རྒྱས་མྱུར་པོ། སེམས་རྩ་འཁོལ་བའི་མི་དམངས་བཅས་ལས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང”ཧྥ་ཏི་མཱས་ཨ་ཀྲུང་མཛའ་གྲོགས་བྱ་གཞག་གི་ལས་ལ་ཡུན་རིང་གཞོལ་ཞིང་། 2008ལོར་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་ཡོང་རྗེས་ཁོང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་རྒྱ་ཡིག་སློབ་ཁྲིད་ཁྱབ་གདལ་ཧུར་ཐག་བཏང་ཡོད། ཁོང་གིས། གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་དེང་སྐབས་རྒྱ་ཡིག་སྦྱོང་བ་དེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སློབ་མས་མཐོ་རིམ་སློབ་གསོ་དང་ལེན་དང་ལས་རིགས་འཕེལ་རྒྱས་ཡོང་རྒྱུར་གོ་སྐབས་གལ་ཆེན་སྐྲུན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཀྲུང་གོའི་གློག་བརྙན་ལ་དགའ་པོ་ཡོད་པའི་ལོ་རིམ་བརྒྱད་པའི་སློབ་མ་པཱ་ཧྲ་དབྱིར་གྱིས“རྒྱ་ཡིག་སྦྱངས་རྗེས་ངས་ཀྲུང་གོའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་གྱི་ནང་དོན་གོ་ཐུབ་པ་མ་ཟད། ཀྲུང་གོར་རྒྱུས་མངའ་གཏིང་ཟབ་ལོན་པའི་གོ་སྐབས་ཀྱང་ཐོབ་བྱུང་། ཀྲུང་གོའི་རིག་གནས་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པ་དང་ཀྲུང་གོའི་མཚན་ཉིད་རིག་པ་རྒྱ་ཆེ་ཞིང་གཏིང་ཟབ་པས། རྒྱ་ཡིག་སྦྱངས་ན་ངའི་མདུན་ལམ་སྔར་བས་འོད་ཟེར་ལྡན་པར་གྱུར་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།
(འདི་ག་ཚགས་པར་ཁང་དུ་ཨབ་ཀྲ་པེ་ནས་ཟླ་5ཚེས་27ཉིན་འབྱོར་བའི་གློག་འཕྲིན)