དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གཏེར་ལེན་ཁ་གྲོང་ཁྱེར་ཤུས་ཅི་ཤང་ཧའོ་ཐེ་ཁྲ་ཧན་གྲོང་ཚོའི་སྨན་པ་པཱ་ཐེར་གྱིས་བརྗོད་དོན།

    འབྲོག་པ་ཚོར་དགོས་མཁོ་ཆེ་ཤོས་ཡོད་ས་ནས་ཁ་བྲལ་གྱི་མིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-29

    འདི་ནི་པཱ་ཐེར་གྱིས་གྲོང་མིར་ཁྲག་ཤེད་ལྟ་བཞིན་པ།

    ཟླ་5པའི་ཟླ་མཇུག་ཏུ་སླེབས་རུང་། ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་གཏེར་ལེན་ཁ་གྲོང་ཁྱེར་ཤུས་ཅི་ཤང་ཧའོ་ཐེ་ཁྲ་ཧན་གྲོང་ཚོར་སྔར་བཞིན་རླུང་བུ་དྲག་པོ་ལྡང་བ་དང་གྲོང་ཚོའི་དཀྱིལ་དུ་གནས་པའི་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་སྨན་པ་པཱ་ཐེར་གྱིས་གྲོང་མིར་ཁྲག་ཤེད་ལྟ་བཞིན་ཡོད་པ་རེད། “ཉིན་ཁ་ཤས་གོང་དང་བསྡུར་ན་ཁྲག་ཤེད་ཆག་འདུག་མོད། འོན་ཀྱང་བཟའ་འཐུང་ལ་ཚོད་འཛིན་དང་དུས་ཐོག་ཏུ་ཁྲག་ཤེད་གཅོག་པའི་སྨན་ཟ་དགོས” ཁྲག་ཤེད་ཏག་ཏག་བསྡད་ཡོད་པས་ཕྱོགས་གཉིས་ཀ་བློ་བདེ་པོ་བྱུང་རུང་པཱ་ཐེར་གྱིས་ད་དུང་མངགས་བྱ་མི་ཉུང་བ་ཞིག་བྱས། ཁོང་གིས“གྲོང་མི་མང་པོ་ཞིག་རྒྱུན་དུ་ཆང་རག་དང་ཤ་ལ་དགའ་པོ་ཡོད་པས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟག་ཁུའི་ནད་ཕོག་མཁན་མང་ཙམ་ཡོད་སྟབས། ཁོང་ཚོར་བདེ་ཐང་བརྟག་དཔྱད་དང་བཟའ་བཏུང་ཐད་དོ་སྣང་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད”ཅེས་བཤད།

    ཧའོ་ཐེ་ཁྲ་ཧན་གྲོང་ཚོའི་སྨན་པ་ཞིག་ཡིན་པའི་པཱ་ཐེར་སྨན་པ་བྱས་ནས་ལོ་27ཕྱིན་ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཡོད་པ་དང་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཆིག་སྟོང་ལྷག་ཙམ་ཡོད་པའི་ཧའོ་ཐེ་ཁྲ་ཧན་གྲོང་ཚོ་ནི་ས་གནས་དེ་གའི་རང་བྱུང་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པའི་གྲོང་ཚོ་ཞིག་རེད། “ཕྱུགས་རིགས་འཚོ་དགོས་པར་བརྟེན་ཚང་མའི་སྡོད་གནས་ཁ་ཐོར་ཡིན་མོད། འོན་ཀྱང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ངེས་པར་དུ་ཁྱབ་ཐུབ་པར་བྱེད་དགོས་པ་དང་ལྷག་པར་དུ་དབྱར་ཁར་ས་བབ་དེ་བས་མཐོ་བ་དང་བར་ཐག་དེ་བས་རིང་བའི་དབྱར་དུས་འབྲོག་རར་ཕྱུགས་རིགས་འཚོ་བར་འགྲོ་དགོས་པས། ངས་ཀྱང་སྦྲ་གུར་དང་རྒྱུན་སྤྱོད་སྨན་རྫས་ཁྱེར་ནས་ཁོང་ཚོ་དང་མཉམ་དུ་འགྲོ་གི་ཡོད། སྐབས་རེ་ནད་པ་དེ་ཙམ་མེད་རུང་ཁོང་ཚོ་དང་མཉམ་དུ་ཕྱིན་ཚེ་བློ་ཧ་ཅང་བདེ་པོ་འདུག”ཅེས་བཤད།

    དགུན་དུས་ནི་རྩྭ་ཐང་ཐོག་གྲང་ཤོས་ཀྱི་ནམ་དུས་རེད། ལ་རྒྱབ་ཏུ་ཡོད་པའི་ཡུལ་མི་ཐེ་ཤིས་གློ་བུར་དུ་རྒྱུ་ལྷག་གི་གཉན་ཚད་ན་ནས་ན་ཟུག་ཧ་ཅང་ཆེན་པོ་གཏོང་གི་འདུག་ཅེས་པའི་ཁ་པར་ཞིག་གིས་པཱ་ཐེར་གཉིད་ལས་བསད། ཁོང་གིས“གངས་རླུང་ལ་མི་འཛེམས་པར་རླངས་འཁོར་བཏང་ནས་དེ་ཕྱོགས་ལ་ཐོན། ལམ་ངོས་ཀྱི་གནས་ཚུལ་ཡག་པོ་དེ་ཙམ་མེད་པ་དང་། འཁོར་ལོར་འདྲེད་འགོག་ལྕགས་ཐག་བསྒར་རུང་གངས་ཆེ་ལ་ལྷགས་པ་ཆེ་བ་དང་རི་ལམ་དུ་འཁྱགས་པ་བརྒྱབ་ནས་གཡང་གཟར་སར་རླངས་འཁོར་འདྲེད་འདར་ཤོར་ཉེན་ཡོད་པས་ངས་རྩྭ་ཐག་འདྲེད་འགོག་ལྕགས་ཐག་ལ་གཡོགས་པ་ཡིན”ལམ་ཐག་སྤྱི་ལེ་12ལས་མེད་རུང་། པཱ་ཐེར་ཆུ་ཚོད་གཉིས་ལྷག་ཙམ་ལུས་ཡོད། “ང་ཚོས་ཐེ་ཤིས་བསུས་ནས་མཚན་དེ་རང་དུ་གྲོང་ཁྱེར་སྨན་ཁང་ལ་བསྐྱལ་བས་དུས་ཐོག་ཏུ་སྨན་བཅོས་ཐུབ་སོང་། ལམ་བར་དུ་དུས་ཚོད་མང་ཙམ་འགོར་རུང་སྟབས་ལེགས་པ་ཞིག་ལ་གནས་ཚུལ་གང་ཡང་ལྷག་མ་བྱུང”ཞེས་བཤད།

    ད་ཆ་ཡུལ་མི་ཚོའི་འཚོ་བ་ཇེ་ལེགས་སུ་ཕྱིན་ནས་མི་མང་པོ་ཞིག་གིས་གཏེར་ལེན་ཁ་གྲོང་ཁྱེར་དུ་གཞིས་ཆགས་རྒྱུའི་གདམ་ག་བྱེད་ཀྱི་ཡོད། གྲོང་ཚོའི་ནང་གཞིས་ལུས་རྒན་རྒོན་དང་བྱིས་པ་ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་པཱ་ཐེར་སྔར་བཞིན་གྲོང་ཚོ་དེ་ནས་ཁ་བྲལ་མེད། “ཡུལ་མི་དུད་ཚང་གཅིག་ལས་མེད་ཀྱང་ཁོང་ཚོར་དགོས་མཁོ་ཡོད་ཚེ་ང་འདི་གར་སྡོད་ཀྱི་ཡིན”ཞེས་བཤད།

    ཉེ་བའི་ལོ་འགའི་རིང་། ས་གནས་དེ་གར་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས་པཱ་ཐེར་ཡང་བྲེལ་བ་ཚ་རུ་ཕྱིན་ཡོད་པ་སྟེ། དགོས་མཁོ་ཡོད་པའི་ཡུལ་སྐོར་བར་སྨན་བཅོས་ཞབས་འདེགས་ཡག་པོ་ཞུ་རྒྱུ་དེ་རེད། “འཕྲོད་བསྟེན་ཁང་གི་རྒྱལ་ལམ་315ཡི་ལམ་བརྒྱུད་དུ་གནས་ཡོད། ང་ཚོའི་འདི་གར་ས་བབ་མཐོ་སྟབས་ཡུལ་སྐོར་བ་གསོ་རླུང་རྔུབ་པ་དང་ངལ་གསོ་རྒྱག་གི་ཡོད་པས། ང་ཚོས་ངེས་པར་དུ་ཞབས་འདེགས་ཡག་པོ་ཞུ་དགོས”ཞེས་བཤད། འབྱུང་འགྱུར་གྱི་སྐོར་གླེང་སྐབས་སོག་པོའི་ཕོ་གཞོན་དེས“ཡུལ་མི་སྤུན་ཟླ་ཚོ་བདེ་ཐང་དང་ཕ་ཡུལ་ཇེ་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད། དགོས་མཁོ་ཡོད་ཚེ་ང་འདི་གར་སྡོད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།