རྒྱལ་ཡོངས་ཀྱི་གཞོན་ནུའི་ཚན་རིག་ཁྱབ་གདལ་གསར་གཏོད་ཚོད་ལྟ་དང་བརྩམས་ཆོས་འགྲན་བསྡུར་ཆེ་མོ(མཚོ་སྔོན་འགྲན་ཁུལ)སྐབས་བཅུ་པ་མཇུག་འགྲིལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་26ཉིན། རྒྱལ་ཡོངས་ཀྱི་གཞོན་ནུའི་ཚན་རིག་ཁྱབ་གདལ་གསར་གཏོད་ཚོད་ལྟ་དང་བརྩམས་ཆོས་འགྲན་བསྡུར་ཆེ་མོ(མཚོ་སྔོན་འགྲན་ཁུལ)སྐབས་བཅུ་པའི་བསྐྱར་འགྲན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་དུ་མཇུག་འགྲིལ་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་རུ་ཁག་གིས་མཚོ་སྔོན་འགྲན་བསྡུར་ཁུལ་གྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་ཞུགས་ནས། འགྲན་ཁུལ་གཞན་31གི་འགྲན་ཞུགས་རུ་ཁག་དང་མཉམ་དུ་འགྲན་བསྡུར་བྱས་ཏེ་རྒྱལ་ཡོངས་ཀྱི་མཐའ་བསྡུར་གྱི་བྱ་དགའ་དང་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་རེད་ལ། བསྐྱར་འགྲན་བྱས་འབྲས་ཉེ་ཆར་ཁྱབ་བསྒྲགས་བྱ་རྒྱུ་རེད།
སྐབས་འདིའི་འགྲན་བསྡུར་ཆེ་མོ་ནི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཁང་དང་། ཞིང་ཆེན་གཞོན་ནུ་ལོ་ཆུང་ཚན་རྩལ་ལྟེ་གནས། ཞིང་ཆེན་གཞོན་ནུ་ལོ་ཆུང་ཚན་རྩལ་ཟུར་ཁྲིད་པའི་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཉེར་འགན་འཁུར་བ་ཞིག་རེད།
འགྲན་བསྡུར་ཆེ་མོ་འགོ་བཙུགས་ཚུན། ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚོས་མིང་ཐོ་ཧུར་ཐག་བཀོད་ནས་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་འབྲིང་30ལྷག་ཙམ་དང་མཐོ་སློབ་6ནས་འགྲན་ཞུགས་བརྩམས་ཆོས་900ཙམ་བསྐུར་ཡོད་ཅིང་། ཐོག་མའི་འགྲན་བསྡུར་བརྒྱུད། ཁྱོན་རུ་ཁག་92ཀྱི་བདམས་ཐོན་པ་320ལྷག་ཙམ་བསྐྱར་འགྲན་ནང་ཚུད་ཡོད།