དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-29

    འདི་ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བརྟན་པོ་བཙུགས་ནས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། འགན་འཁྲི་སྔར་བས་ཁ་གསལ་དང་བྱ་ཐབས་ཞིབ་ཚགས་སུ་བཏང་བ། འགོ་བཙུགས་མ་ཐག་ཐག་གཅོད་དམག་འཐབ་རྒྱག་པ་དང་གོམ་པ་སྤོས་མ་ཐག་གདོང་མཆོང་བྱས་པས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། དུས་ཚིགས་དང་པོའི་འགག་སྒྲོལ་བྱ་སྤྱོད་ཀྱི་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཕུན་སུམ་ཚོགས་པོ་བྱུང་བ། འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་ནས། ལོ་འཁོར་གྱི་མ་འཇོག་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་གི་རྣམ་གྲངས་ཁག་746ལག་བསྟར་བྱེད་པའི་འཆར་གཞི་ཡོད་པའི་ནང་གཏན་འཁེལ་བྱུང་བའི་རྣམ་གྲངས་ཁག་521ཡོད་པ་དེ་དག་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད། དུས་ཚིགས་དང་པོར་ལས་འགོ་བསྐྱར་ཚུགས་རྣམ་གྲངས་ཁག་275ཡོད་པ་དང་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་40ཡན་བཏང་ཡོད་པ་རེད།

    མངའ་རིས་ས་ཁུལ་གྱིས“རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། རྒྱུ་རྐྱེན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཨར་ལས་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་པོ་དང་ཕན་འབྲས་ལེགས་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཉིན་ཤས་གོང་། གསར་འགོད་པར་མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོ་མངའ་རིས་ས་ཁུལ་གྱིས་གཙོ་གནད་རྣམ་གྲངས་ཁག་340ལག་བསྟར་བྱེད་རྩིས་ཡོད་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་724.24གཏོང་རྩིས་ཡོད་པའི་ནང་མ་དངུལ་སྒོར་དུང་ཕྱུར་119.26བཏང་ཚར་བ་བྱེད་རྩིས་ཡོད་པ་དེ་དུས་མཚུངས་ལས་13%ཡན་འཕར་ཡོད་པ་རེད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས《2024ལོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་གཞི》བཀྲམ་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་187བཀོད་སྒྲིག་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་1618གཏོང་རྩིས་ཡོད་ཅིང་། དུས་ཚིགས་དང་པོར་ཁྱོན་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་159བཀོད་སྒྲིག་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་211.8གཏོང་རྩིས་ཡོད་པ་རེད།

    ཟླ་བ་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་99ལས་འགོ་བསྐྱར་དུ་ཚུགས་ནས་ལས་འགོ་བསྐྱར་དུ་ཚུགས་ཚད་71.2%ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་240བཏང་བ། སྒོར་དུང་ཕྱུར་28.2ཚད་བརྒལ་ངང་བཏང་བ་དེ་དག་ན་ནིང་གི་དུས་མཚུངས་ཀྱི(ན་ནིང་ཟླ་དང་པོ་ནས་གསུམ་པའི་བར་མ་དངུལ་སྒོར་དུང་ཕྱུར་180བཏང་བ་དེ་དུས་མཚུངས་ལས་33.3%འཕར་ཡོད)ཆུ་ཚད་ལས་མཐོ་བ་ཡོད། དུས་ཚིགས་དང་པོའི་འཆར་གཞི་113.3%ལེགས་གྲུབ་ཟིན་པ་དང་། ལོ་འཁོར་གྱི་འཆར་གཞི་14.8%ལེགས་གྲུབ་བྱུང་ཡོད།

    རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་2024ལོའི་གཙོ་གནད་རྣམ་གྲངས་ཚང་མ་ལས་འགོ་བསྐྱར་དུ་ཚུགས་ནས་ལས་འགོ་བསྐྱར་དུ་ཚུགས་ཚད་100%ཟིན་ཡོད། འདི་ལོའི་ཟླ་བ་དང་པོ་ནས་ཟླ་གསུམ་པའི་བར་རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་གཙོ་གནད་རྣམ་གྲངས་ལ་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.59བཏང་བ་དང་དུས་ཚིགས་དང་པོར་མ་འཇོག་འཆར་གཞིའི་ལས་འགན་གྱི་121.8%ལེགས་གྲུབ་བྱུང་ཡོད། གཞན་ཡང་། རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་2024ལོའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ནང་ཚུད་མེད་པའི་རྣམ་གྲངས་ཁག་202ལ་སྒོར་དུང་ཕྱུར་0.52བཏང་ཡོད། དུས་ཚིགས་དང་པོར་རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.11བཏང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་དང་པོའི་མ་འཇོག་འཆར་གཞིའི་ནང་ནུས་རྒྱུ་གཙང་མའི་རིགས་ཀྱི་རྣམ་གྲངས་ལ་མ་འཇོག་བྱེད་འབོར་མང་ཤོས་ཡིན་པར་སྒོར་དུང་ཕྱུར་105.9ཟིན་ཡོད། དེ་རྗེས་འགྲིམ་འགྲུལ་དང་ལྗང་མདོག་བཟོ་ལས་རིགས་ཀྱི་རྣམ་གྲངས་ཡིན་པར་སྒོར་དུང་ཕྱུར་51.7དང་སྒོར་དུང་ཕྱུར་15.3སོ་སོར་ཟིན་ཡོད་པ་རེད།

    ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་བདེ་འཇགས་ཐོན་སྐྱེད་དང་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཡུན་ལྡོག་སྒྲིག་དང་། འཆར་གཞི་ལྟར་ལས་དོན་སྒྲུབ་པ། ལས་འགན་ཞིབ་ཚགས་སུ་གཏོང་བ། དུས་ཚོད་ཀྱི་མཚམས་ཚིགས་ཁ་གསལ་བཟོ་བ། འགན་འཁྲིར་ཤུགས་སྣོན་རྒྱག་པ། འཕེལ་རིམ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་དང་འགན་གཙང་འགན་ལེན་གྱི་གཙོ་གནད་རྣམ་གྲངས་ལ་བཀོད་གཏོང་མུ་མཐུད་བྱེད་ཟབ་ཏུ་བཏང་ནས་མིག་མཐོང་ལག་ཟིན་ཐུབ་པའི་ལས་རྗེས་དེ་བས་མང་བ་གང་མགྱོགས་ཆགས་པར་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།