སྤུས་རྟགས་ལ་བརྟེན་ནས་རིན་ཐང་ཆེ་རུ་བཏང་བ།
—— 2024ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་དུ་བོད་ཀྱི་སྤུས་རྟགས་ཀྱི་བཀྲག་མདངས་རབ་ཏུ་འཚེར་བ།
ཟླ་5ཚེས་10ནས་14ཉིན་བར་ཧྲང་ཧའེ་རུ་སྤེལ་བའི་2024ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོར་བོད་ཀྱི་ཁེ་ལས་ཀྱི་རང་བདག་སྤུས་རྟགས་དང་ཐོན་རྫས་ལ་དོ་ཁུར་ཆེན་པོ་ཐོབ་ཅིང་། དྭངས་ཤིང་གཙང་བའི་འཁྱགས་ཀླུང་གི་གཏེར་ཆུ་དང་། དམིགས་བསལ་གྱི་སྨན་དྲི་འཐུལ་བའི་བོད་སྨན། སེར་ཐིང་ཐིང་གི་ས་མཐོའི་སྦྲང་རྩི། ལྟ་ན་སྡུག་པའི་རྫ་དཀར་བཟོ་རྩལ་ཐོན་རྫས་ལ་སོགས་ཀྱིས་ལྟ་སྐོར་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་མ་ཟད། དེ་དག་སྤུས་རྟགས་སྤེལ་རེས་དང་མཉམ་ལས་བྱེད་པའི་སྦྲེལ་ཟམ་ལྟ་བུར་གྱུར་ཡོད།
བོད་ལྗོངས་སའི་གོ་ལའི་གླིང་སྣེ་གསུམ་པ་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགྲེམས་སྟེགས་ཀྱི་མདུན་དུ་ལྟ་སྐོར་དང་བློ་འདྲི་བྱེད་པར་ཡོང་མཁན་མཚམས་ཆད་ཀྱི་མེད།
“སའི་གོ་ལའི་གླིང་སྣེ་གསུམ་པ”སྤུས་རྟགས་ཀྱི་བདག་པོ་དང་གཉེར་སྐྱོང་ཚན་པ་ཡིན་པའི་བོད་ལྗོངས་སའི་གོ་ལའི་གླིང་སྣེ་གསུམ་པ་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ལྗོངས་ཕྱི་ནང་གི་ཚོང་གཉེར་ཐབས་ལམ་བསྡུ་སྒྲིལ་དང་དྲ་ཐོག་དྲ་ཕྱིའི་ཐོན་ཁུངས་སྤུས་ལེགས་སྤྱད་དེ། ལྗོངས་ཕྱི་ནང་དང་དེ་བཞིན་དྲ་ཐོག་ཚོང་དོན་ལས་སྟེགས་ཆེ་གྲས་ཁག་ཏུ་རང་བྱུང་འཐུང་ཆུ་དང་། ནས་ཀྱི་རིགས། ཆང་གི་རིགས། རང་བྱུང་སྦྲང་རྩིའི་རིགས་སོགས་ཀྱི་ཐོན་རྫས་བཏོན་ནས་ཕྱིར་ཚོང་བྱས་པ་མ་ཟད། ད་དུང“སའི་གོ་ལའི་གླིང་སྣེ་གསུམ་པའི”ཚོང་རྟགས་སྤུས་རྟགས་དེ་སྤོས་ཀྱི་རིགས་དང་། དཀར་ཆུའི་རིགས། རྩམ་པའི་རིགས། ཀོ་བའི་རིགས། རིག་གནས་བསམ་བཀོད་རིགས་སོགས་ཐོན་རྫས་གཞན་ལའང་ཁྱབ་པར་བྱས་ཡོད།
“སའི་གོ་ལའི་གླིང་སྣེ་གསུམ་པ”དེ་བོད་ལྗོངས་ཁུལ་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཤིག་ཡིན་པའི་ངོས་ནས། ད་ཐེངས་ཀྱི་འགྲེམས་སྟོན་ལ་ཞུགས་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པ་དང་འབྲེལ་གཏུག་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད་རེད། བོད་ལྗོངས་སའི་གོ་ལའི་གླིང་སྣེ་གསུམ་པ་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགྲེམས་ཚོགས་ཀྱི་འགན་འཁུར་བ་སུང་ཁྲུན་མའེ་ཡིས“ད་ཆ་ང་ཚོའི་ཀུང་སིས་ལྗོངས་ཕྱིར་སྔོན་སྒྲུབ་མཛོད་ཁང་བཙུགས་ཡོད་པས་ཚབ་བསྐུར་བྱེད་བདེ་པོ་ཡོད། ཁེ་ལས་འབྲིང་ཆུང་གིས་ཚོང་ཟོག་སྔོན་སྒྲུབ་མཛོད་ཁང་དུ་བཞག་ཏེ་མངགས་ཐོ་འབྱོར་མ་ཐག་ཚོང་ཟོག་ཐད་ཀར་བསྐུར་གྱི་ཡོད། དེས་ཟོག་འགྲེམས་ཀྱི་མ་གནས་ཆུང་དུ་སོང་བས་མ་ཚད། འཛད་སྤྱོད་པར་ཚོང་ཟོག་མགྱོགས་མྱུར་འབྱོར་གྱི་ཡོད”ཅེས་ངོ་སྤྲོད་བྱས།
བོད་ལྗོངས་ཨ་མའི་བྱམས་བརྩེ་ས་མཐོའི་ཁྱད་ལྡན་ཐོན་རྫས་ཚད་ཡོད་ཀུང་སིའི་འགྲེམས་སྟེགས་ཀྱི་མདུན་དུ་ལྟ་སྐོར་བ་ཚོས་ཐོན་རྫས་ཀྱི་བྲོ་བ་མྱངས་རྗེས་བློ་ཡིད་ཚིམ་པོས་བློ་འདྲི་དང་ཉོ་སྒྲུབ་བྱེད་པར་བྲེལ། ཀུང་སི་དེས་རི་སྐྱེས་བེ་ཤ་དང་། ནས་ནག གྲོ་མ། དབང་ལག་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་སྟབས་ཟས་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། ཁྱབ་གདལ་བཅས་ལ་རྩེ་གཅིག་ཏུ་གཞོལ་བཞིན་མཆིས། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ལས་ཚན་རིག་ཁང་བཟའ་བྱའི་ཤ་མོའི་ཞིབ་འཇུག་སུའོ་ལ་བརྟེན་ནས་ཆབ་མདོ་ཟུར་སྡེ་ཤོད་ཀྱི་སུར་པན་དང་ཉིང་ཁྲི་སྣང་རྫོང་གི་སུར་པན་རྒྱུ་ཆ་གཙོ་བོར་བྱས་པའི་ས་མཐོའི་སྣུམ་བླུགས་པའི་སུར་པན་དང་། བསིལ་སྐམ་ཤ་མོ། རི་སྐྱེས་བེ་ཤའི་ཁུ་བ་སོགས་སྟབས་ཟས་ཀྱང་ཞིབ་བཟོ་བྱས་ཤིང་། ཐོན་རྫས་དེ་དག་གིས་བོད་ཀྱི་ཁྱད་ཆོས་དང་འཚོ་བཅུད་བདེ་ཐང་མཉམ་འདྲེས་བྱས་ནས་ཁྲོམ་རར་བཏོན་ཚུན་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།
“2023ལོར་ང་ཚོས་ཤ་མོའི་རིགས་ཀྱི་མ་བཅོས་རྒྱུ་ཆ་ཏུན་20ལྷག་ཙམ་ཉོས་པ་ལས་ས་གནས་དེ་གའི་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད”ཅེས་བོད་ལྗོངས་ཨ་མའི་བྱམས་བརྩེ་ས་མཐོའི་ཁྱད་ལྡན་ཐོན་རྫས་ཚད་ཡོད་ཀུང་སིའི་ཅིང་ལི་ཚུའེ་མིང་གིས་ངོ་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཁྲོམ་ར་ཕྱོགས་སྟོན་དང་། ཁེ་ལས་གཙོ་བོ། གསར་གཏོད་སྒུལ་ཤུགས་བཅས་སུ་བྱས་ཏེ། ཁུལ་ཁོངས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་སྤུས་རྟགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་རྟགས་གསར་སྤེལ་གྱི་འཇོན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤུས་རྟགས་གཏོད་པའི་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་བ། སྤུས་རྟགས་ཀྱི་གྲངས་འབོར་ཆེ་རུ་གཏོང་བ། སྤུས་རྟགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ཡོང་བར་སྒུལ་ཤུགས་ཚད་མེད་མཁོ་འདོན་བྱས་ཡོད། མིག་སྔར“སའི་གོ་ལའི་གླིང་སྣེ་གསུམ་པ”དང“ལྷ་སའི་ས་གཙང”སོགས་ཚབ་མཚོན་དུ་བྱས་པའི་ཁུལ་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དང་། “བོད་ཀྱི་ནས”དང་། “སྤུས་ལེགས་ར་ཁུལ་སྨུག་པོ” “བོད་ཀྱི་ར་ཁུལ་རྒྱལ་པོ”སོགས་ཀྱིས་ཚབ་མཚོན་དུ་བྱས་པའི་ཞིང་འབྲོག་ཐོན་ལས་ཀྱི་སྤུས་རྟགས། ནག་ཆུའི་དབྱར་རྩྭ་དགུན་འབུ་དང་སྙེ་མོའི་སྤོས་སོགས་ཀྱིས་ཚབ་མཚོན་དུ་བྱས་པའི་ས་ཁམས་མཚོན་རྟགས་སྤུས་རྟགས། “བདུད་རྩི”དང“ཆེས་བྲིན”སོགས་ཀྱིས་ཚབ་མཚོན་དུ་བྱས་པའི་བོད་སྨན་སྤུས་རྟགས། “བོད་ཀྱི་ཆུ་བཟང”དང“5100”སོགས་ཀྱིས་ཚབ་མཚོན་དུ་བྱས་པའི་རང་བྱུང་འཐུང་ཆུའི་སྤུས་རྟགས། “བསམ་བཀོད་བོད་ལྗོངས”ཀྱིས་ཚབ་མཚོན་དུ་བྱས་པའི་རིག་གནས་སྤུས་རྟགས་བཅས་ཅུང་འཐུས་སྒོ་ཚང་བའི་སྤུས་རྟགས་ཀྱི་མ་ལག་ཅིག་ཆགས་ཡོད་པ་རེད།