དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ལྷ་སར་འཚོགས་པ།

  •     སྤེལ་དུས།  2024-05-28

    འདི་ནི་ཟླ་5ཚེས་24ཉིན་ལས་བསྡུའི་འདུ་ཚོགས་སུ་ལས་ཀ་འཚོལ་མཁན(གཡོན)གྱིས་མི་སྤྱོད་ཚན་པར་རང་ཉིད་ཀྱི་དཔྱད་ཡིག་རྒྱོང་བཞིན་པ།

    ཉེ་ཆར། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་བོད་ལྗོངས་ཤེས་ལྡན་མི་སྣའི་ཐང་ཆེན་དུ་འཚོགས་ཤིང་། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བ་དང“དྲ་ཕྱི་དང་། དྲ་ཐོག ཐད་གཏོང་ནས་ལས་གནས་ངོ་སྤྲོད”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་དབང་པོ་སྐྱོན་ཅན་ལ་ལས་ཀ་འཚོལ་བའི་ཞབས་འདེགས་ཞུ་ཆེད། མི་སྤྱོད་ཚན་པ་54ཞུགས་ནས་ཁྱོན་ལས་གནས་279མཁོ་འདོན་བྱས་པ་རེད།

    ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་གཉེར་བའི་དམིགས་ཡུལ་ནི་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་ལེན་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་འཛུགས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གནས་བརྟན་དུ་དང་རྒྱ་ཆེར་གཏོང་བ། ལས་ཞུགས་ཀྱི་དགོས་མཁོ་ཡོད་པའི་དབང་པོ་སྐྱོན་ཅན་དང་མི་སྤྱོད་ཚན་པར་སྟབས་བདེ་དང་། གནད་སྨིན། ཕན་འབྲས་དངོས་ཐོན་པ་བཅས་ཀྱི་འབྲེལ་གཏུག་སྤེལ་རེས་ལས་སྟེགས་བསྐྲུན་པ། སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དབང་པོ་སྐྱོན་ཅན་དེ་བས་མང་བར་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་རོགས་རམ་བྱ་རྒྱུ་དེ་རེད།

    “ད་ཐེངས་གཉེར་བའི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཐོག་ང་ཚོ་དམིགས་བསལ་མི་ཚོགས་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པར་གླ་ཕོགས་དང་ཐོབ་ཐང་ཡག་པོ་འདུག་པས། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ང་ཚོར་ལས་སྟེགས་དེ་འདྲ་ཞིག་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་ནས་ཡོང་བའི་ལས་ཀ་འཚོལ་མཁན་བསྟན་འཛིན་བཟང་མོས་བཤད།

    རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལས་ཞུགས་ཀྱི་གཙོ་གནད་ལས་དོན་དེར་མུ་མཐུད་སྣང་ཆེན་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པོའི་ལས་ཞུགས་རོགས་སྐྱོར་གྱི་བྱེད་སྒོ་མུ་མཐུད་སྤེལ་ནས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་རྒྱ་ཆེའི་དབང་པོ་སྐྱོན་ཅན་ལ་རང་ཉིད་ཀྱི་རིན་ཐང་མངོན་སའི་ལས་སྟེགས་དང་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཏེ་དབང་པོ་སྐྱོན་ཅན་དེ་བས་མང་བ་ཁྱིམ་ཚང་ནས་དོན་ཏེ་སྤྱི་ཚོགས་ནང་ཞུགས་པར་ཁྲིད་སྟོན་དང་རོགས་རམ་གྱིས་ཤེས་དཔལ་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།