《ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།
སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པ་དེ་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་ཇུས་ནང་བཅུག་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལ་ཤུགས་སྣོན་བརྒྱབ་པ་དང་། སྒྲིག་ཁྲིམས་ཁག་ཕྱོགས་ཡོངས་ནས་ནན་པོ་དང་ནན་པོ་མཐར་ཕྱིན་པ་བྱེད་པར་སྐུལ་ཁྲིད་བྱས་ཏེ་སྒྲིག་ཁྲིམས་བཅའ་ཁྲིམས་ལས་ནན་པ་དང་སྒྲིག་བསྟར་ཁྲིམས་སྒྱུར་ཕན་ཚུན་མཐུད་སྦྲེལ་མཐའ་འཁྱོངས་བྱས་པ། “སྒྲིག་རྣམ་བཞིའི”སྲིད་ཇུས་ཀྱི་ཐབས་ཇུས་གཏིང་ཟབ་སྤྱད་པ། ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་གྱི་ཟིལ་རྔམ་མངོན་གསལ་དོད་པོས་མངོན་པ་དང་ནན་གོ་ཆོད་པ་བཅས་བྱས་པས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཐད་ཀྱི་ལྷུག་ལྷོད་འཇམ་གསུམ་གྱི་སྣང་ཚུལ་རྩ་བའི་ཆ་ནས་བསྒྱུར་ཐུབ་པ་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་དམིགས་ཏེ་སྤེལ་གནང་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་ནི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་གཏིང་ཟབ་པ་བཅས་ཡོད་པས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བླང་བྱ་ནན་པོ་དེ་ཏང་གི་སྒྲིག་སྲོལ་གཏན་ལ་འབེབས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ། སྒྲིག་བསྟར་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་ལེན་བསྟར་བ་དང་། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་ཁྲིད་སྟོན་བྱེད་པ། སྒྲིག་ཁྲིམས་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་སྒྱུར་བ། ཏང་ཡོངས་ཀྱི་དམིགས་ཚད་གཅིག་གྱུར་དང་། མཐུན་སྒྲིལ་གཅིག་གྱུར། གོམ་སྟབས་གཅིག་གྱུར་ཡོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
《རྣམ་བཤད་གཅེས་བསྡུས》ལ་ཆེད་དོན་10ཕྱེ་ནས་ཁྱོན་རྣམ་བཤད་དུམ་བུ་329ཡོད་པ་དེ་དག་2012ལོའི་ཟླ་11པ་ནས་2024ལོའི་ཟླ་4པའི་བར་གྱི་བློ་མཐུན་ཞི་ཅིན་ཕིང་གི་སྙན་སྒྲོན་དང་། གསུང་བཤད། གསལ་བཤད། གསུང་རྩོམ། མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ནས་བཏུས་པ་རེད། དེའི་ནང་གི་རྒྱས་བཤད་ཁག་གཅིག་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད།