ལག་གདང་སྦྲེལ་ནས་ཡུལ་སྐོར་ལས་རིགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཨ་རབ་ཀྱི་ཡུལ་སྐོར་འགྲེམས་སྟོན་སྐབས་སོ་གཅིག་པའི་ཀྲུང་གོའི་འགྲེམས་སྟེགས་སུ་ས་གནས་དེ་གའི་མང་ཚོགས་ཀྱིས་ཧུའུ་པེའི་ཇའི་བྲོ་བ་མྱོང་བཞིན་པ།
འཛམ་གླིང་རིག་གནས་ཤུལ་བཞག་ཅོར་ཏན་ཅེ་ལ་ཧྲི་གནའ་གྲོང་དུ་ས་གནས་དེ་གའི་སྒྱུ་རྩལ་པས་འཁྲབ་སྟོན་བྱེད་བཞིན་པ།
ཉེ་ཆར། ཨ་རབ་ཀྱི་ཡུལ་སྐོར་འགྲེམས་སྟོན་སྐབས་སོ་གཅིག་པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་དང་ས་ཁུལ་160ལྷག་ཙམ་ནས་ཡོང་བའི་ཚོང་པ་2600ལྷག་ཙམ་འགྲེམས་སྟོན་ནང་ཞུགས་པ་དང་འཐུས་མི་ཁྲི་4.6ཙམ་འགྲེམས་ཚོགས་ནང་ཞུགས་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དཔལ་འབྱོར་པུའི་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཡིས་དབུས་ཤར་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པས་གསར་གཏོད་དང་རྒྱུན་མཐུད་ཆོག་པ་ནི་ཡུལ་སྐོར་ལས་རིགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་རེད། མཚོ་ཁུག་རྒྱལ་ཁབ་ཀྱིས་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་ས་ཁུལ་གྱི་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
ཨ་རབ་ཀྱི་ཡུལ་སྐོར་འགྲེམས་སྟོན་ནི་དབུས་ཤར་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་འཁོར་གྱི་ཆེད་ལས་ཡུལ་སྐོར་འགྲེམས་སྟོན་ཞིག་རེད། སྐབས་འདིའི་འགྲེམས་ཚོགས་ཀྱིས“གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་སྒྱུར་ལ་སྣེ་ཁྲིད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་གསར་གཏོད་ལ་དམིགས་ཏེ་ཡུལ་སྐོར་ལས་རིགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་རྒྱུ་དེ་རེད།
འགྲེམས་ཚོགས་ཐོག་ཡུལ་སྐོར་ལས་རིགས་གསར་གཏོད་དང་འབྲེལ་བ་ཡོད་པའི་བགྲོ་གླེང་ཚོགས་འདུ་ཐེངས་མང་སྒྲིག་འཛུགས་བྱས་པ་དང་འབྲེལ“ན་གཞོན་ཁེ་ལས་མཁས་ཅན”གྱི་སྤེལ་རེས་ལྷུ་ཚིགས་བཙུགས་ནས་ཡུལ་སྐོར་ལས་རིགས་གཉེར་འདོད་ཡོད་པའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེན་མོ་བར་ཁེ་ལས་མཁས་ཅན་དང་མ་རྩ་འཇོག་མཁན་དང་སྤེལ་རེས་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད། “ཡུལ་སྐོར་ལག་རྩལ”འགྲེམས་ཁུལ་དུ་ཁེ་ལས་མང་པོ་ཞིག་གིས་མི་ཐབས་རིག་ནུས་སྤྱད་དེ་ཡུལ་སྐོར་ལམ་ཐིག་ཇུས་འགོད་ལེགས་སུ་གཏོང་བ་དང་དངོས་ཡོད་ལག་རྩལ་སྤྱོད་རྒྱ་ཆེ་རུ་བཏང་ནས་མྱོང་ལེན་ཐུབ་པ་བྱས་ཡོད། འགྲེམས་ཚོགས་ཀྱི་ཉིན་མཐའ་མར་ད་དུང་གསར་གཏོད་ཁེ་ལས་ཀྱི་འགྲན་བསྡུར་ཆེན་པོ་གཉེར་ཡོད། མའེ་ཁེན་ཤིས་མཉམ་གཉེར་བ་ཁང་སི་ཐན་ཏིང་གིས་ཡུལ་སྐོར་ལས་རིགས་ཀྱི་གསར་གཏོད་ཁེ་ལས་ཀྱིས་ལས་ཞུགས་གཏོད་རྒྱུ་དང་། དཔལ་འབྱོར་སྣ་མང་ཅན་འཕེལ་རྒྱས་ལ་རོགས་སྐྱོར། ཕྱི་རྒྱལ་ཚོང་པའི་མ་རྩ་འགུག་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བརྗོད་པ་རེད།