བོད་ཀྱིས་ཚོགས་པ་བསྒྲིཌ་ནས་ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་སྟོན་ཚོགས་སྐབས་ཉི་ཤུ་པར་ཞུགས་པ།
ཚེས་23ཉིན། ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་སྟོན་ཚོགས་སྐབས་ཉི་ཤུ་པ(“རིག་གནས་དངོས་མང་སྟོན་ཚོགས”ཞེས་བསྡུ་རྒྱུ)ཧྲེན་ཀྲེན་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། བོད་ཀྱི་རིག་གནས་ཁེ་ལས་དང་བྱ་གཞག་ཚན་པ་25ཡིས་ཚོགས་པ་བསྒྲིགས་ནས་འགྲེམས་སྟོན་ནང་ཞུགས་པ་དང་། དེ་ནི་བོད་ཀྱིས་ཚོགས་པ་བསྒྲིགས་ནས་རིག་གནས་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་བྱེད་སྒོར་ཞུགས་ཐེངས་19པ་དེ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་བོད་ལྗོངས་འགྲེམས་ཁང་དུ་ཕེབས་ནས་འགྲེམས་སྟོན་ནང་ཞུགས་མཁན་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་འབྲེལ། རང་ལྗོངས་ཀྱི་འགྲེམས་ཞུགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། རིག་གནས་དངོས་མང་སྟོན་ཚོགས་ནི་རྒྱལ་ཁབ་རིམ་པ་དང་། རྒྱལ་སྤྱི་ཅན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་ཚོང་འདུས་ཤིག་ཡིན་པས། ཞིང་ཆེན(གྲོང་ཁྱེར)གཞན་དག་དང་སྤེལ་རེས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་ལས་ཧུར་ཐག་བྱས་ནས། བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རིག་གནས་ཐོན་རྫས་ཀྱི་ལས་རྣམ་གསར་པ་དང་རིག་གནས་འཛད་སྤྱོད་བྱེད་སྟངས་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་གསར་གཏོད་དང་། རིག་གནས་དཔལ་འབྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས། བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་ནང་དོན་གཏིང་ཟབ་ལྡན་པའི་རིག་གནས་སྤུས་རྟགས་དེ་བས་མང་བ་གཏོད་པ་དང་། ལྗོངས་ནང་ཁུལ་གྱི་རིག་གནས་ཁེ་ལས་ཁག་དང་ཞིང་ཆེན་གཞན་དག་ཏུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་སའི་དབར་མཉམ་ལས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། གྲངས་འཛིན་ཅན་གྱི་ཕྱིར་ཚོང་ལས་སྟེགས་གསར་པ་སྐྲུན་པ། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྗོངས་ནང་ཁུལ་གྱི་རིག་གནས་ཐོན་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཆེ་རུ་ནུས་ལྡན་གཏོང་དགོས་ཞེས་གསུངས་པ་རེད།