དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཀྲུང་ནེ་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་སླར་ཡང་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-27

    ཟླ་5ཚེས་25ཉིན་ཀྲུང་ནེ་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་སླར་ཡང་སྒོ་ཕྱེ་བའི་མཛད་སྒོ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་དུ་འཚོགས་ནས་ཀྲུང་ནེ་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་འདྲེན་ཐང་མཐའ་མཚམས་ཚོང་དོན་ཁྲོམ་ར་སླར་ཡང་སྒོ་ཕྱེ་བ་རེད། མཛད་སྒོའི་ཐོག་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་མ་ཡུམ་དང་། ས་དགའ་རྫོང་གི་དུད་པ་རོང་། སྐྱིད་གྲོང་རྫོང་གི་རྫོང་དགའ། གཉའ་ནང་རྫོང་གི་བཀྲ་ཤིས་སྒང་། དིང་རི་རྫོང་གི་རོང་ཤར། གཏིང་སྐྱེས་རྫོང་གི་རི་འོག་སོགས་ཀྲུང་ནེ་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་དུས་གཅིག་ཏུ་སྒོ་ཕྱེ་བ་རེད།

    སྒོ་ཕྱེ་བའི་ཉིན་དེར། འདྲེན་ཐང་མཐའ་མཚམས་ཚོང་དོན་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། འདྲེན་ཐང་མཐའ་མཚམས་ཚོང་དོན་ཁྲོམ་རར་ཀྲུང་གོའི་ཚོང་དུད་110དང་ནེ་པ་ལའི་ཚོང་དུད་47ཡོད་པ་དང་ཚོང་ཟོག་གཙོ་བོ་ཉིན་མཁོའི་ཚོང་ཟོག་དང་། འཛུགས་སྐྲུན་རྒྱུ་ཆ། བཟའ་བཅའ་དང་བཏུང་བྱ། ཞིང་ལས་ཁྱད་ལྡན་ཐོན་རྫས། ནེ་པ་ལའི་བཟོ་རྩལ་ཐོན་རྫས་སོགས་སྣ་ཁ་50ལྷག་ཙམ་ཡོད་པ་རེད།

    མཐའ་མཚམས་ས་ཁུལ་ལ་དམིགས་སུ་ལྡན་པའི་ཚོང་དོན་རྣམ་པའི་ཐོག་ནས་སྤེལ་བའི་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་བྱེད་སྒོ་དེ་ནི་ཀྲུང་གོ་དང་ནེ་པ་ལའི་ཕྱོགས་གཉིས་པོའི་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་མཐའ་མཚམས་ས་ཁུལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་རེད། 2020ལོར་ཏོག་གསར་རིམས་ནད་ཀྱིས་རྐྱེན་པས་ཀྲུང་ནེ་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་གནས་སྐབས་མཚམས་འཇོག་དགོས་བྱུང་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་མཛུབ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་2024ལོའི་ཟླ་བ་4པར《བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ནས་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་ཀྱི་ཉོ་ཚོང་བྱེད་སྒོ་ཚད་ལྡན་དུ་བཏང་སྟེ་ནེ་པ་ལའི་དམངས་ཁྲོད་དཔལ་འབྱོར་ཚོང་དོན་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ཡོད། དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཉམ་ལས་ཧུར་ཐག་བྱས་ཏེ་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་སླར་གསོའི་གྲ་སྒྲིག་ལས་དོན་ཁག་མཉམ་དུ་ལེགས་སྒྲུབ་བྱས་པ་མ་ཟད། ནེ་པ་ལ་ཕྱོགས་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་སླར་ཡང་སྒོ་འབྱེད་ཐུབ་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།