དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀོ་ཚགས་ལག་ཤེས་ལས། བཟོ་བོའི་སྙིང་སྟོབས་མངོན།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱི་ཡའོ་ཙེང་།   |     སྤེལ་དུས།  2024-05-26

    ཉེ་ཆར། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་མཚོ་ནུབ་གྲོང་རྡལ་དུ་གནས་པའི“རྒྱབ་ཚང”ཀོ་ཚགས(ཀོ་དྲུབས་ཀྱང་ཟེར)ལག་ཤེས་བཟོ་ཁང་དུ་སྐྱོད་སྐབས། ཞིང་ཆེན་རིམ་པའི་ཀོ་ཚགས་ལག་ཤེས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཀྲོའུ་རིམ་པའི་འཐུས་ཚབ་རྒྱུན་འཛིན་པ་བན་དེས་སློབ་མར་ཀོ་བ་ཧྲིལ་པོ་གཅིག་ནས་རྒྱུ་ཆ་ཇི་ལྟར་དྲ་དགོས་ཚུལ་སློབ་བཞིན་པ་མཐོང་བྱུང་།

    ལོ་62ལ་སླེབས་པའི་བན་དེ་ནི“རྒྱབ་ཚང”ཀོ་ཚགས་ལག་ཤེས་ཀྱི་རྒྱུན་འཛིན་པ་མི་རབས་བཞི་པ་ཡིན་པ་དང་། ཁོང་ལས་ཀ་དེར་ཧ་ཅང་དགའ་པོ་ཡོད། ཀོ་ཚགས་ལག་ཤེས་སྦྱོང་བའི་བརྒྱུད་རིམ་སྐོར་གླེང་སྐབས་ཁོང་ནམ་ཡང་སྤྲོ་བས་རབ་ཏུ་བརྟས་ནས་ཡོད།

    ལོ་12ལ་སླེབས་སྐབས་བན་དེ་རྟ་ནས་ཟགས་ཏེ་རྐང་པ་ཆག་སྟབས། དེ་དུས་སྨན་པ་ཡིན་པའི་ཨ་ཞང་གི་གམ་དུ་སྨན་བཅོས་བྱས་ནས་བསྡད་ཅིང་། དེའི་རིང་ཀོ་ཚགས་ཀྱི་ལག་ཤེས་དང་ལས་འཕྲོའི་མདུད་པ་ཐོག་མར་ཐེབས་པ་དང་། ཀོ་ཚགས་ཀྱི་ལས་ཀ་དེ་ཕྱིས་སུ་ཁོང་གི་མི་ཚེའི་བྱ་གཞག་ཅིག་ཏུ་འགྱུར་ངེས་པ་བསམ་པའི་ཡུལ་ལའང་འཁོར་མ་མྱོང་།

    ལོ་42ལ་སླེབས་སྐབས། བན་དེའི་རྐང་པ་གཉིས་གློ་བུར་དུ་ཞ་བས། སྔོན་མ་གཟུགས་སྟོབས་ཆེ་བའི་སྐྱེས་པ་ཞིག་གློ་བུར་དུ་དབང་པོ་སྐྱོན་ཅན་ཞིག་ཏུ་གྱུར་བ་དེས་ཁོང་གི་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་སྟེ་རེ་ཞིག་ཡིད་ཐང་ཆད་དེ་ལུས། ནང་མི་དང་། གྲོགས་པོ། དབང་པོ་སྐྱོན་ཅན་གཞན་གྱི་སེམས་ཁུར་དང་རོགས་རམ་འོག མཐར་བན་དེས་སླར་ཡང་རིག་པ་བསྒྲིམས་ཤིང་། 2009ལོར་ཁོང་གིས་ཡང་བསྐྱར་ཆུང་དུས་ནས་བཟུང་དགའ་ཞིང་སྤྲོ་བའི་ཀོ་ཚགས་ལག་ཤེས་ཀྱི་རྒྱུན་སྐྱོང་རྒྱུའི་སེམས་ཐག་བཅད།

    “རྒྱབ་ཚང”ཀོ་ཚགས་ལག་ཤེས་ནི་རྒྱབ་ཚང་གི་རྒྱུན་འཛིན་པ་མི་རབས་མང་པོས་དུས་ཡུན་རིང་མོའི་འབྲོག་ལས་གཉེར་སྐྱོང་གི་ཁྲོད་དུ་རང་གི་རྣམ་དཔྱོད་དང་བློ་གྲོས་ལ་བརྟེན་ནས་གསར་གཏོད་བྱས་པ་ཞིག་དང་། རིམ་བཞིན་བོད་ཀྱི་འབྲོག་ལས་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྲོལ་རྒྱུན་གྱི་ཀོ་ཆས་བཟོ་རྩལ་ཞིག་ཏུ་གྲུབ་པ་ཡིན། དེའི་ཐོན་རྫས་ཀོ་བ་རང་གིས་བཟོས་པའི་ཐོག་ཞིབ་ཚགས་པའི་སྲོལ་རྒྱུན་ལག་ཤེས་དང་ཡང་ཟུང་འབྲེལ་བྱས་ཡོད་ཅིང་། བན་དེའི་བར་མི་རབས་བཞི་ཡིས་རྒྱུན་བསྐྱངས་ཡོད།

    “ངའི་ཨ་ཞང་ནི་མདའ་ཡུལ་ཚོ་པའི་བོད་ཀྱི་གསོ་རིག་རྒྱུན་འཛིན་དང་ཀོ་ཆས་བཟོ་མཁན་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། ཁོང་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་སྨན་པ་ཞིག་དང་། ཀོ་ཚགས་རྒྱག་པར་ཤིན་ཏུ་བྱང་བའི་ལག་ཤེས་བཟོ་རྩལ་པ་ཞིག་རེད། ལོ་12སྐབས། ཨ་ཞང་གིས་མཚམས་རེ་ང་ལ་གླ་བའི་སོས་དྲས་པའི་ཀོ་བའི་སྟེང་གི་དྲས་ཤུལ་རི་མོ་སྣ་ཚོགས་གནོན་དུ་འཇུག་གི་ཡོད་ཅིང་། དེ་དུས་ངས་གཞི་ནས་དྲས་ཤུལ་དེ་དག་ནི་སྲོག་ཆགས་དང་མེ་ཏོག་རྩི་ཤིང་གི་རི་མོ་ཡིན་པ་ཤེས་བྱུང”

    ཨ་ཞང་གིས་བན་དེ་ལག་ཤེས་དེར་དགའ་པོ་དང་གོ་སྟོབས་ཀྱང་ངེས་ཅན་ཡོད་པ་ཤེས་འཕྲལ་ཀོ་ཚགས་ཀྱི་ལག་ཤེས་བཟོ་རྩལ་དེ་སྦ་གསང་མེད་པར་ཁོང་ལ་བསླབ་རྒྱུའི་སེམས་ཐག་བཅད། ཨ་ཞང་གི་ལག་ལེན་དམར་ཁྲིད་འོག བན་དེས་རང་རྐྱ་འཕེར་བའི་ངང་ཐིག་རྒྱག་པ་དང་དྲ་བ། ཀོ་བ་གནོན་སྟངས་དང་ཕྱིད་སྟངས། འཚེམ་སྟངས་སོགས་ཀྱི་ལས་རིམ་ལ་གང་མགྱོགས་བྱང་ཞིང་གོམས་ཏེ། མེས་པོ་ནས་བརྒྱུད་པའི་ཀོ་བ་མཉེད་པ་དང་ཀོ་ཆས་ལས་སྣོན་གྱི་ལག་རྩལ་སྣ་ཚོགས་རིམ་གྱིས་ཁོང་དུ་ཆུད།

    སྤྱི་ཚོགས་ཀྱི་གོམ་སྟབས་མགྱོགས་སུ་དང་། ལྷག་པར་དུ། དྲ་རྒྱ་ཁྱབ་གདལ་ཤུགས་ཆེན་ཕྱིན་པ་དང་བསྟུན་ནས། བྱ་དངོས་གསར་པ་སྣ་ཚོགས་དབྱར་གྱི་སྤང་ལ་ཤ་མོ་བརྡོལ་བ་ཇི་བཞིན་ཟམ་མི་ཆད་པར་ཐོན་དང་འཐོན་བཞིན་ཡོད་པ་དེ་དག་གིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་འགྲན་སློང་དང་གོ་སྐབས་ངེས་ཅན་འཕྲད་ཡོད།

    “ངའི་སྣང་ངོར་དྲ་རྒྱའི་དུས་རབས་སུ་དབང་པོ་སྐྱོན་ཅན་དང་མི་གཞན་དབར་ཁྱད་པར་ཆེན་པོ་མེད་དེ། ཚང་མས་དྲ་རྒྱར་བརྟེན་ནས་ང་ཚོའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཐུབ་སྙམ” འགུལ་སྐྱོད་བྱེད་པར་སྟབས་བདེ་པོ་མེད་རྐྱེན། བན་དེས་རང་ཉིད་ཀྱིས་སློབ་ཡོན་བཏང་སྟེ་སི་ཁྲོན་སློབ་ཆེན་མཛེས་རིས་ཚན་ཁག་གི་ཆེད་ལས་དགེ་རྒན་ཞིག་རང་ཉིད་ཀྱི་རྒྱང་ཁྲིད་སློབ་ཚན་གྱི་དགེ་རྒན་དུ་གདན་དྲངས་ཏེ་སྣུམ་ཚོན་རི་མོ་དང་། ཆུ་ཚོན་རི་མོ། ཚོན་སྡེབ། ཚོན་གྱི་དཀར་ཆ་དང་གྲིབ་གཟུགས་འདོན་སྟངས་སོགས་ཀྱི་མན་ངག་ཆ་ཚང་སྦྱངས།

    བོད་ཀྱི་སྲོལ་རྒྱུན་ཀོ་ཚགས་ལག་རྩལ་ལ་འཕེལ་རྒྱས་ཀྱི་བར་མཐོངས་སྔར་བས་རྒྱ་ཆེ་བ་གཏོད་ཆེད། ཁོང་གིས་དྲ་ཐོག་ནས་ནུབ་ཕྱོགས་ཀྱི་ཀོ་ཚགས་ལག་ཤེས་སྦྱངས་ཏེ་བོད་ཀྱི་ཀོ་ཚགས་ལག་ཤེས་བཟོ་རྩལ་ཁྲོད་དེང་རབས་ཀྱི་བཟོ་རྩལ་བཅུག་ནས་བྱ་ཐབས་གསར་པའི་ཐོག་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་འགྲེལ་བཤད་བརྒྱབ་པ་རེད། ཁོང་གིས་གནའ་བོའི་བོད་བཟོའི་སྒམ་དང་ལྟོ་ཕད། དངུལ་ཁུག མདའ་ཆས། སྐེ་རགས། ལྡེབས་རིས། ཚོང་དོན་ལག་རྟགས་སོགས་ཐོན་རྫས་རྩེ་གྲ་མང་པོ་བཟོས་ཏེ་དེ་དག་ལས་ཚོང་ཤག་གི་རང་གཤིས་མངོན་པར་བྱས་པ་དང་སྦྲགས། རང་ཉིད་ཀྱི་སེམས་ནུས་དང་བརྩེ་བ་ཡོད་རྒུ་ཐོན་རྫས་ཐོག་བཞག་ཡོད།

    བན་དེས། “ད་ཆ་མི་རྣམས་ཀྱིས་འཕྲུལ་ཆས་ཀྱིས་བཟོས་པའི་ཐོན་རྫས་ལས་མི་རིགས་ཀྱི་དམངས་ཁྲོད་ཁྱད་ཆོས་ཟབ་མོ་ལྡན་པའི་ལག་ཤེས་ཐོན་རྫས་ལ་བློ་མགུ་བ་བྱེད་པས། རང་གཤིས་མཚོན་པའི་ཀོ་ཆས་བཟོ་རྩལ་རྩེ་གྲ་བཟོ་རྒྱུ་དེ་འཕེལ་ཕྱོགས་གཙོ་བོར་གྱུར་ཡོད། ‘རྒྱབ་ཚང’གི་ཀོ་ཚགས་དང་ཀོ་བརྙན་གྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་རྒྱུན་འཛིན་ཁྲོད་གསར་གཏོད་བྱས་ནས་གསོན་ཤུགས་གསར་པ་བསྣན་དགོས”ཞེས་བརྗོད་པ་དང་། ཁོང་གིས་ཀྱང་འཕེལ་ཕྱོགས་དེ་ལ་གཞིགས་ནས་སྒྱུ་རྩལ་གྱི་མྱོང་རོལ་རང་བཞིན་དང་། ལོ་རྒྱུས་ཀྱི་རིག་གནས་རང་བཞིན། གཅིག་རྐྱང་རང་བཞིན། ཉར་ཚགས་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་རང་གཤིས་མཚོན་པའི་ཀོ་ཚགས་བཟོ་རྩལ་གསར་པ་རྩེ་གྲ་བཏོད་ཡོད་ཅེས་བརྗོད།

    བཟོ་ཁང་དུ་བསྐྱོད་ཚེ། ང་ཚོས་སྲོལ་རྒྱུན་གྱི“མངོན་མིན་རིག་གནས་ཤུལ་བཞག”གི་ཐོན་རྫས་ཕུད། སྒམ་དང་ལྟོ་ཕད་དང་། དངུལ་ཁུག ཁ་པར་བླུག་སྣོད། སྒྲིག་ཆས། མདའ་ཆས། སྐེ་རགས་སོགས་རང་གཤིས་མཚོན་པའི་མི་སྒེར་གྱི་མངགས་བཟོའི་ཐོན་རྫས་དང་། གློག་ཀླད་ཀྱི་ཙིག་རྟགས་གདན་དང་། ལོ་རྟགས་འཁོད་པའི་ལྡེ་མིག་འདོགས་ཆས། ལྡེ་མིག་གི་ཨ་ལོང་། ཁ་པར་ཨང་གྲངས་འགོད་ས། མཛེས་རྒྱན་སོགས་ཀུན་གྱིས་དགའ་པོ་བྱེད་པའི་ཡུལ་སྐོར་བསམ་བཀོད་ཀྱི་དྲན་རྟེན་ཐོན་རྫས་ཀྱང་མཐོང་རྒྱུ་ཡོད།

    བོད་ཀྱི་ཀོ་ཚགས་ལག་ཤེས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད། བན་དེས་ཉིན་ལྟར་བཟོ་ཁང་དུ་ཆུ་ཚོད་བརྒྱད་དགུ་ཙམ་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། ཉེ་འགྲམ་གྱི་གྲོགས་པོ་ཚོས་བན་དེས་ལག་ཆ་བཟུང་དྲགས་ཏེ་སྐྲངས་སྦོས་ཐེབས་པའི་ལག་པ་རྩུབ་པོ་དེ་མཐོང་སྐབས། ཚང་མས་ཁོང་ལ་འཛའ་ཐང་དམའ་བའི་ཅ་ལག་བཟོ་བའམ། ཡང་ན་འཕྲུལ་འཁོར་ལ་བརྟེན་ནས་ཐོན་སྐྱེད་འབོར་ཆེན་བྱས་ན་ཡག་ལུགས་བརྗོད་མོད། ཡིན་ནའང་བན་དེས་གཏན་ནས་ཁས་ལེན་གྱི་མེད། བན་དེས་བློ་རྩ་བརྟན་པོས། “གལ་ཏེ་དངུལ་ཁོ་ནའི་ཆེད་དུ་ཡིན་ཚེ་ངས་དཀའ་ལས་འདི་འདྲ་རྒྱག་གི་མ་རེད། ངས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད། ནམ་ཡང་ལག་ཤེས་ཀྱི་རྩ་དོན་དོར་བ་དང་བཟོ་རྩལ་གྱི་ཚད་གཞི་དམའ་རུ་གཏོང་མི་སྲིད”ཅེས་བརྗོད།

    སྲོལ་རྒྱུན་ལག་ཤེས་ཀྱིས་བཟོས་པའི་ཀོ་ཆས་ཀྱི་བཟོ་ལྟ་ཐུན་མོང་མ་ཡིན་པ་དེ་དག་ལ་ས་ཁོངས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རྩྭ་ཐང་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་ལ། བོད་མི་རིགས་ཀྱི་མཛེས་དཔྱོད་ལྟ་བ་དང་། བསམ་བློའི་འཁྱེར་སོ། རིན་ཐང་གི་འདུ་ཤེས་སོགས་གངས་ལྗོངས་ཤེས་དཔལ་གྱི་རིག་གནས་ཀྱི་གཞི་རྒྱུའང་ལྡན་ཡོད། དེ་དག་ལས་བོད་རིགས་མི་དམངས་ཀྱི་ཐུན་མོང་གི་བློ་གྲོས་དང་གསར་གཏོད་ཀྱི་རང་བཞིན་མངོན་པས། དེ་ནི་ཀྲུང་གོའི་བོད་མི་རིགས་ཀྱི་རིག་གནས་དང་། འཚོ་བ། གོམས་སྲོལ་སོགས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པའི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    མཚོ་བྱང་ཀྲོའུ་རིག་གནས་འགྲེམས་ཁང་གི་འགོ་འཛིན་ཕག་མོ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་མཚོ་བྱང་གིས་རྒྱལ་ཁབ་དང་། ཞིང་ཆེན། ཀྲོའུ། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་གཞིའི་མཛོད་རགས་ཙམ་བསྐྲུན་ཟིན་སྟབས། སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་ཕྱིན་ཏེ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།

    “ལྔ་གཅིག”ངལ་གསོའི་རིང་། མཚོ་བྱང་ཀྲོའུ་ཡིས་ཕུལ་དུ་བྱུང་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཁག་12དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་26གི་རིག་གནས་བསམ་བཀོད་ཐོན་རྫས་200ལྷག་ཙམ་བདམས་ནས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པའི་ནང“རྒྱབ་ཚང”གི་ཀོ་ཚགས་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ཀྱང་དེའི་ནང་ཚུད་ཡོད།

    བན་དེས། “ང་ཚོས་བྱ་དགའ་ཐོབ་པ་དང་ཐོན་རྫས་གསར་པ་ཁག་གཅིག་ཧྲག་འདེམས་བྱས་ནས་འགྲེམས་སྟོན་བྱེད་པའི་དམིགས་ཡུལ་ནི་མི་དེ་བས་མང་བས་ང་ཚོའི་སྲོལ་རྒྱུན་གྱི་ཀོ་ཚགས་ལག་ཤེས་བཟོ་རྩལ་ཤེས་རྟོགས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོང་གི་ལས་དོན་དྲིལ་བསྒྲགས་ཡག་པོ་བྱས་ཏེ་མཚོ་བྱང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་ཆེད་ཡིན”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།