ཟི་ལིང་གྲོང་ཁྱེར་གྱི་ས་ཁོངས་ཡོངས་སུ་གད་སྙིགས་ས་སྦས་གཏོང་མཁན་མེད་པའི་དམིགས་ཚད་མངོན་འགྱུར་བྱུང་བ།
ཟླ་5ཚེས་15ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ས་སྦས་གཏོང་ས་ཁག་15ཚང་མ་སྤྱོད་མཚམས་བཞག་ཅིང་། གྲོང་ཁྱེར་ཡོངས་ཀྱི་ཆུས་ལྔ་དང་རྫོང་གཉིས་ཀྱི་འཚོ་བའི་གད་སྙིགས་ཁག་བགོས་ཏེ་གསར་དུ་བསྐྲུན་པའི་འཚོ་བའི་གད་སྙིགས་མེར་སྲེག་གློག་གཏོང་བཟོ་གྲྭར་མེར་སྲེག་གཏོང་བར་བསྐྱལ་བ་དེ་ཐོག་ནས། ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་སྟངས་དེ་མེར་སྲེག་གློག་གཏོང་དུས་མཚམས་གསར་པར་སླེབས་ཏེ། མཚོ་བོད་ས་མཐོའི་ས་ཆ་གཞན་གྱི་སྔོན་ལ་ས་ཁོངས་ཡོངས་སུ་གད་སྙིགས་ས་སྦས་གཏོང་མཚམས་བཞག་པ་མཚོན་གྱི་ཡོད།
ཟི་ལིང་གྲོང་ཁྱེར་གྱིས“མེར་སྲེག་གློག་གཏོང་གཙོ་བོ་དང་སྟབས་བསྟུན་ས་སྦས་གཏོང་བ་ཕལ་པར”བྱེད་པའི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། ཞིང་ཆེན་ཡོངས་སུ་ཉིན་རེར་ཏུན་3000གཙང་སེལ་ཐུབ་པའི་འཚོ་བའི་གད་སྙིགས་མེར་སྲེག་གློག་གཏོང་རྣམ་གྲངས་ཐོག་མར་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་བཙུགས་ཤིང་། “སྔོན་ལ་ཚོད་ལྟ་དང་རིམ་བཞིན་ལག་བསྟར”གྱི་རྩ་དོན་གཞིར་བཟུང་། གྲོང་ཁུལ་གཙོ་བོའི་འཚོ་བའི་གད་སྙིགས་གཞན་སྐྱེལ་མེར་སྲེག་གཙང་སེལ་བྱེད་པའི་རྨང་གཞིའི་ཐོག་གྲོང་ཁྱེར་ཡོངས་ཀྱི་འཚོ་བའི་གད་སྙིགས་གཞན་སྐྱེལ་གཙང་སེལ་ལས་དོན་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བྱས་ཡོད།
དེ་དང་ཆབས་ཅིག ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁུལ་གཙོ་བོའི་འཚོ་བའི་གད་སྙིགས“ཁོར་ཡུག་འཕྲོད་བསྟེན་རླངས་འཁོར་གྱིས་ཐད་ཀར་བསྡུས་ནས་དབོར་བ”དང“གད་སྙིགས་བརྒྱུད་སྐྱེལ་ས་ཚིགས་ཀྱིས་རིམ་བཞིན་བརྒྱུད་འདྲེན”བྱེད་སྟངས་ལེགས་སུ་བཏང་སྟེ། ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། སྟོང་སྐོར་རྫོང་། སྐུ་འབུམ་ཆུས་བཅས་ཀྱི་བསྡུ་རུབ་དང་བརྒྱུད་འདྲེན་སྟོབས་ཤུགས་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ས་ཁུལ་གྱི“དུད་སྡེབ་གྲོང་བསྡུ་དང་། རྫོང་ཆུས་བརྒྱུད་འདྲེན། མེར་སྲེག་གཙང་སེལ”བཅས་བྱས་པར་ཕན་འབྲས་རགས་ཙམ་ཐོབ་ཡོད། སླད་ཕྱིན་རྫོང་དང་ཆུས་ཁག་གིས་ད་ཡོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། རླངས་འཁོར་དང་མི་སྣ་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ། གད་སྙིགས་བརྒྱུད་འདྲེན་ས་ཚིགས་རིམ་སྤོར་སྒྱུར་བཀོད་མགྱོགས་པོ་བྱེད་པ་སོགས་སྤྱོད་གོ་ཆོད་པའི་བྱ་ཐབས་སྤྱད་དེ། གྲོང་ཁྱེར་ཡོངས་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་སྟངས་བསྒྱུར་རྗེས་འཕྲད་པའི་ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱེད་སྟངས་དོ་སྙོམས་མེད་པ་དང་གད་སྙིགས་སྐྱེལ་འདྲེན་ནུས་པ་མི་འདང་བ་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཡོད།