མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ནུས་མུ་མཐུད་ཆེ་རུ་ཕྱིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོ་རེད། “གཙང་གསུམ་ཆུ་འགོར”གནས་པའི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ནས། རི་སྐྱེས་སྲོག་ཆགས་བབ་སྡོད་དང་རྩི་ཤིང་གི་སྐྱེ་འཚར་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།
འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་གསོག་མཐོ་འགོ་ཡིན་པའི་མཚོ་སྔོན་ལ“ཀྲུང་ཧྭའི་ཆུ་ལྕོག”ཅེས་འབོད་སྲོལ་ཡོད། འབྲེལ་ཡོད་གྲངས་གཞི་ལས་མངོན་པར། མིག་སྔར་མཚོ་སྔོན་དུ་སྐམ་སའི་རི་སྐྱེས་སྲོག་ཆགས་རིགས་665ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་རིགས་40ཡོད་པའི་གྲས་སུ་གཙོ་བོ་གསའ་དང་། ཁྲུང་ཁྲུང་སྐེ་ནག འཕར་བ་སོགས་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་རྩི་ཤིང་རིགས་1དང་རླམ་སྲིན་ཆེ་གྲས་རིགས་260ལྷག་ཙམ་ཡོད།
ཁུ་ཁུ་ཤིས་རི་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་ཡིན། མིག་སྔར་ལོ་གཅིག་དུས་གཅིག་གི་གཙོད་གནས་སྤོ་བྱེད་འགོ་ཚུགས་ཤིང་། ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཀྱི་གྲངས་འབོར་ཡང་སྲུང་སྐྱོང་བྱེད་འགོ་ཚུགས་མ་ཐག་པའི་དུས་ཀྱི་ཁྲི་2མ་ཟིན་པ་ནས་ཁྲི་7ལྷག་ཙམ་བར་སླར་གསོ་ཐུབ་ཡོད།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཏུའུ་ཕིང་ཀུའེ་ཡིས་ནགས་ཚལ་དང་། རྩྭ་ཐང་། འདམ་ར། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཏོན་པ་ནས་ཁྲིམས་འགལ་གྱི་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བའི་བར་དང་། གསའ་དང་གཙོད་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བ་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་སྐྲུན་པའི་བར། ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་བསྡུ་རུབ་དང་ཉར་ཚགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་ནས་འགན་བཅོལ་ལམ་སྲོལ་དེ་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་ཕོག་པའི་སྐྱིན་ཚབ་འཇལ་བའི་ནང་ཐོག་མར་སྤྱོད་པའི་བར་སོགས། ཉེ་བའི་ལོ་ཤས་རིང་ཞིབ་ཅིང་ཕྲ་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་པས་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
“ནགས་ལས་དང་རྩྭ་ཐང་སོགས་སྡེ་ཚན་གྱིས་ད་དུང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གནས་སྤོ་སྲུང་སྐྱོང་དང་ཕྱི་རོལ་གྱི་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་མྱུར་སྐྱོབ་སོགས་ཀྱི་འདུ་འགོད་ལག་བསྟར་བྱས་ཏེ། ས་གནས་དེ་ག་དང་གནས་སྤོ་སྲུང་སྐྱོང་ཕན་ཚུན་གསབ་རེས་ནུས་ལྡན་བྱས་པ་ལས། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྱུ་ཚོགས་སྲུང་སྐྱོང་དང་སླར་གསོ་ནུས་ལྡན་བྱུང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་ཀྲང་ཡུས་ཀྱིས་བཤད།