ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ལེགས་ཆ་གཏོད་དགོས།
ཟླ་5ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ཀྱི་ཆེད་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཡོངས་བསྒྲགས་ཚོགས་འདུར་བོད་ཀྱིས་ཡུལ་བབ་དང་བསྟུན་ནས་གཙོ་གནད་འབུར་དུ་ཐོན་པར་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ལྡན་དང་ལེགས་ཆ་གཏོད་དགོས་ཞེས་བསྟན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལ་རྟོག་ཞིབ་གནང་བར་ཕེབས་སྐབས་དགེ་སྤེལ་སྐྱོན་སེལ་དང་ཡུལ་བབ་དང་བསྟུན་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གཏོད་དགོས་ཞེས་ནན་བཤད་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཁྱད་ཆོས་དང་ལེགས་ཆར་སྣང་ཆེན་གྱིས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན། དགེ་མཚན་ཆེ་རིགས་བཅས་ལ་གཞི་ཚུགས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཤུགས་ཆེན་བྱས་ཏེ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་འགྲོ་བར་བྱས་པ་མ་ཟད། དེ་བས་སྙིང་སྟོབས་ཆེ་བའི་རྣམ་འགྱུར་དང་དེ་བས་དངོས་སྒྲུབ་དོན་གཉེར་གྱི་བྱེད་ཐབས་ཐོག་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དང་གཏོད་བཞིན་ཡོད།
ལས་དོན་གྱི་ཕྱོགས་ཡོངས་ནས་བལྟས་ན། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོ་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ཞིང་། བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་སྔ་རྗེས་སུ་ཐེངས་གསུམ་ཕེབས་པ་མ་ཟད། ད་དུང་ཁོང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཁ་ཕྱོགས་གསལ་སྟོན་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་ཡང་གནང་ཡོད། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། ཁྱད་དུ་འཕགས་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཅས་ནི་བོད་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེ་ཤོས་དང་གདིང་ཤུགས་ཆེ་ཤོས་རེད།
རང་བྱུང་གི་ཆ་རྐྱེན་ནས་བལྟས་ན། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཁྱད་ཆོས་ལྡན་ཡོད། རང་བྱུང་ཡུལ་ལྗོངས་ཀྱི་མཛེས་པ་དང་། ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་མཛེས་པ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་མཛེས་པ། སྒོ་དབྱེ་བསྟུན་མཁས་ཀྱི་མཛེས་པ་བཅས་གཅིག་ཏུ་འདུས་པའི་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ནི་ང་ཚོས“མཛེས་ལྗོངས”དེ“རིན་ཐང”དུ་སྒྱུར་བའི་ལེགས་ཆ་ལྡན་ས་རེད། བོད་དུ་ཆུ་དང་། རླུང་། འོད། ཚ་ནུས་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བར་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“འབྱོར་ཕྱུག་གི་དབུལ་ཕོངས”ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་དང་། ས་མཐོ་དང་། ཁྱད་ལྡན། ལྗང་མདོག་བཅས་ལ་བརྟེན་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་དང་སྒྱུར་བཞིན་ཡོད་པ་ནི་བོད་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད།
ས་ཁོངས་ཀྱི་ལེགས་ཆ་ནས་བལྟས་ན། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གནས་བབ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་དུ་མཐོར་གཏོང་གནང་ཡོད། རང་ལྗོངས་ནི་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། “ཐཱན་གཉིས”དམིགས་ཚད་ལག་ལེན། ནུབ་རྒྱུད་ཐོན་འབྱེད་ཆེ་མོ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་འཛུགས་སྐྲུན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་གཏོད་བཅས་གཏིང་ཟབ་བྱས་པ་དང་ཆབས་ཅིག ཁྲོན་བོད་ལྕགས་ལམ་དང་། ནུས་རྒྱུ་གཙང་མའི་རྟེན་གཞི། མཐའ་མཚམས་བདེ་འཇགས་ནུས་པ་འཛུགས་སྐྱོང་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་པོ་བཏང་བས། བོད་ཀྱི་ས་ཁོངས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་མངོན་པ་དང་། ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་བའི་བགྲོད་ལམ་ཆེན་པོའི་སྒོ་དབྱེའི་ལེགས་ཆ་རིམ་བཞིན་ཆེ་རུ་འགྲོ་བ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོའི་ཁྲོད་ཀྱི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གནས་བབ་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།