གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་གྱིས་ཏང་ཡོན་གྱི་གཅེས་སེམས་མཚོན་པའི་དཀའ་སེལ་ཚོགས་ཆུང་བཙུགས་པ།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས“ཇོ་མོ་གླང་མའི་སྣེ་ཁྲིད”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་གཏོད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད། ས་སྐྱ་གྲོང་རྡལ་ཏང་ཨུད་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཇོ་མོ་གླང་མའི་སྣེ་ཁྲིད་ས་སྐྱ་གྲོང་རྡལ་ཏང་ཡོན་གཅེས་སེམས་དཀའ་སེལ་ཚོགས་ཆུང”(གཤམ་དུ“གཅེས་སེམས་དཀའ་སེལ་ཚོགས་ཆུང”ཞེས་བསྡུ་རྒྱུ)བཙུགས་ནས། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག གྲོང་སྡོད་ལས་དོན་རུ་ཁག “གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མི། ཏང་ཡོན་དང་མང་ཚོགས་སོགས་ཕྱོགས་ཁག་གི་གཅེས་སེམས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་མཉམ་དུ་རོགས་རམ་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་འཐབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་ཡོན་དང་ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད།
མིག་སྔར་ས་སྐྱ་གྲོང་རྡལ་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ལ་ཟླ་རེར་དུས་བཀག་ལྟར་ཞལ་འདེབས་རྒྱག་པའི་ཡ་རབས་གོམས་གཤིས་ཤིག་ཆགས་ཤིང་། བྱམས་སེམས་བྱ་སྤྱོད་དངོས་ལ་བརྟེན་ཏེ་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཁས་ལེན་ཐོབ་སྟེ་ཏང་ཡོན་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད། གྲོང་རྡལ་ཏང་ཨུད་དང་གྲོང་རྡལ་སྲིད་གཞུང་གི་རྒྱབ་སྐྱོར་དང་ཕྱོགས་མང་པོའི་མཐུན་སྦྱོར་འོག 2023ལོའི་ཟླ་12བར་དུ་གཅེས་སེམས་དཀའ་སེལ་ཚོགས་ཆུང་ལ་ཏང་ཡོན་དང་ལས་བྱེད་པའི་ཞལ་འདེབས་སྒོར་ཁྲི་4ལྷག་ཙམ་འབྱོར་ཞིང་། ཁྱོན་དུད་ཚང་13གྱི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོར་ནུས་ལྡན་བྱས་པ་དང་། རོགས་སྐྱོབ་དངུལ་སྒོར་ཁྲི་2.37སྤྲད་པ་རེད།