དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཁེ་ལས་མང་པོའི་ཡིད་དབང་བཀུག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།

    —— རང་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་ལས་དོན་གྱི་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-24

    འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང་། ཚོང་འགུགས་མ་འདྲེན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལས་གྲྭ་དང་པོར”བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ལོ་ཧྲིལ་པོར་སྒོར་དུང་ཕྱུར་500ཟིན་པའི་ཚོང་འགུགས་མ་འདྲེན་གྱི་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། རྣམ་གྲངས་ཚོང་འགུགས་དང་། ཐོན་ལས་ཚོང་འགུགས། གླིང་ཁུལ་ཚོང་འགུགས། བོད་སྐྱོར་ཚོང་འགུགས་བཅས་ལ་དམིགས་ནས། དེ་བས་ཏན་ཏིག་གི་བྱེད་ཐབས་དང་། དེ་བས་ལས་ཕྱོད་ཆེ་བ། དེ་བས་ལེགས་པའི་ཞབས་ཞུ་བཅས་ཀྱི་ཐོག་ནས་ཚོང་འགུགས་མ་འདྲེན་ལས་དོན་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་སྐས་རིམ་གསར་པ་ཞིག་ཏུ་ཟམ་མི་ཆད་པར་སྐྱོད་བཞིན་ཡོད།

    དམིགས་ཚད་གཏན་འཁེལ་དང་གནད་སྨིན་ཇུས་འདོན་བྱས་ནས་ཚོང་འགུགས་མ་འདྲེན་གྱི་གཞི་ཁྱོན་ཆེ་རུ་བཏང་བ།

    “བོད་ཀྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དང་ཤུགས་ཚད་ལོ་རེ་བཞིན་ཆེ་རུ་ཕྱིན་ཡོད། ན་ནིང་ང་ཚོ་ལྷོ་ཁར་བཅའ་སྡོད་བྱས་ཚུན་སྔ་རྗེས་སུ་ཟོག་འགྲེམས་དང་། ཁྲལ་བསྡུ། མ་དངུལ་བསྡུ་སྒྲིལ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། རྗེས་སུ་ད་དུང་ཁ་གསབ་ཀྱི་ཚབ་ཏུ་བྱ་དགའ་སྤྲོད་པའི་ཆེད་དོན་མ་དངུལ་རེ་ཞུ་བྱས་པས་ཁེ་ལས་འཕེལ་རྒྱས་གཏོང་བའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང”ཞེས་གཅེས་ཉར(བོད་ལྗོངས)ཞིང་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཙེང་ཕུང་ཧྥེས་བཤད།

    འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་སྡེ་ཚན་གྱིས“གང་ཞིག་ཁྱེར་ནས་ཚོང་འགུགས་བྱེད་པ་དང་། ཚོང་གང་ཞིག་འགུགས་པ། གང་དུ་ཚོང་འགུགས་བྱེད་པ། ཚོང་ཆེན་པོ་དང་ཚོང་ཡག་པོ་འགུགས་པ”བཅས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས། རྣམ་གྲངས་གཞི་རྟེན་དུ་བྱེད་པ་དང་། ཐོན་ལས་རྨང་གཞི་བྱེད་པ། གླིང་ཁུལ་གཞི་རྟེན་དུ་བྱེད་པ། བོད་སྐྱོར་དམ་འཛིན་བྱ་གཞིར་བྱེད་པ་བཅས་ཀྱི་ཐོག་ནས་གནད་སྨིན་ཤུགས་འདོན་བྱས་ཡོད། ས་མཐོའི་སྐྱེ་དངོས་དང་། བོད་ལུགས་གསོ་རིག་དང་བོད་སྨན། ཁྱད་ལྡན་རིག་གནས་ཡུལ་སྐོར། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། མཐོ་གསར་གྲངས་འཛིན། ཚོང་དོན་ཟོག་འགྲེམས་བཅས“ཐོན་ལས་ཆེན་པོ་བརྒྱད”དང་དེ་བཞིན་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་རྣམ་གྲངས་གཞན་དག་ལ་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་། གནད་སྨིན་ཇུས་འདོན། སེམས་ནུས་ཡོད་རྒུ་བཅས་ཀྱི་ཐོག་ནས་ཚོང་འགུགས་མ་འདྲེན་གྱི་འབོད་སྒྲ་ཆེ་ཤོས་བསྒྲགས་ཡོད།

    —— གཞིས་རྩེ་གྲོང་ཁྱེར་གྱིས“ལྟེ་གནས་གྲོང་ཁྱེར་གཉིས”ཀྱི་འཐབ་ཇུས་ངེས་གནས་ལ་དམིགས་ནས་གསར་གཏོད་སྒུལ་ཤུགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚོང་འགུགས་མ་འདྲེན་ལས་དོན་ཁྲོད“ཕོད་པ་བཞིའི”སྙིང་སྟོབས་དར་སྤེལ་གཏོང་བ། རྣམ་གྲངས་ཀྱི་འདུ་ཤེས་དང་། ཞབས་ཞུའི་འདུ་ཤེས། གསར་གཏོད་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། ཚོང་འགུགས་བྱེད་སྟངས་ལེགས་སུ་གཏོང་བ། ཚོང་འགུགས་ཐབས་ལམ་རྒྱ་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཡོད། འདི་ལོའི་དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་66ཡོད་པ་དང་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་18.63ཟིན་པ་དེ་དུས་མཚུངས་ལས་138.80%འཕར་ནས། རང་སྐྱོང་ལྗོངས་ཀྱི་ལོ་འཁོར་དམིགས་ཚད་ལས་འགན་སྒོར་དུང་ཕྱུར་56ཟིན་དགོས་པའི་33.26%ལེགས་གྲུབ་བྱུང་ཡོད།

    —— ཆབ་མདོ་གྲོང་ཁྱེར་གྱིས“3+4”ཐོན་ལས་མ་ལག་ལ་དམིགས་ནས་རང་ངོས་ཀྱི་གཏེར་ཁ་དང་། ནུས་རྒྱུ་གཙང་མ། སྐྱེ་དངོས་སྨན་རྫས་སོགས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས་དང་། དྲ་ཐོག་ཚོང་འགུགས། བོད་སྐྱོར་ཚོང་འགུགས། ཚོང་རྟེན་ཚོང་འགུགས། འགྲེམས་ཚོགས་ཚོང་འགུགས། ཚོང་ཚོགས་ཚོང་འགུགས་བཅས་ཀྱི་ཐད་མུ་མཐུད་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཁྱོན་51ལག་བསྟར་བྱས་པ་དང་། དམིགས་སར་འབྱོར་བའི་མ་དངུལ་བསྡོམས་ན་སྒོར་དུང་ཕྱུར་27.12ཟིན་ནས་རང་སྐྱོང་ལྗོངས་ཀྱི་ལོ་འཁོར་གྱི་དམིགས་ཚད་ལས་འགན་སྒོར་དུང་ཕྱུར་68ཟིན་དགོས་པའི་39.88%ལེགས་གྲུབ་བྱུང་ཡོད། 

    གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱིས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་495(མཐུད་སྐྲུན་363དང་གསར་སྐྲུན་132)ལག་བསྟར་བྱས་པ་དང་། གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར་2784.22ཟིན་པ། དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་180.12ཟིན་པ་དེ་དུས་མཚུངས་ལས་93.78%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་89.95ལེགས་གྲུབ་བྱས་པ། མི་6700ལས་ཞུགས་གཞན་སྒྱུར་ལ་སྐུལ་ཁྲིད་བྱས་པ། འབབ་འཕར་སྒོར་ཁྲི་7704.09བྱུང་བ། ཚོང་འགུགས་མ་འདྲེན་ལས་དོན་ཐད་འགོ་ཚུགས་མ་ཐག་རྒྱལ་ཁ་ཐོབ་ཡོད།

    འཁོར་འབྲེལ་འཛུགས་པ་དང་གསབ་པ་དང་འཁོར་འབྲེལ་སྣུར་སྲིང་དང་སྟོབས་ཆེར་བཏང་ནས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཡག་པོ་བསྒྲུབས་པ།

    འདི་ལོའི་ཟླ་1ཚེས་16ཉིན་བོད་རང་སྐྱོང་ལྗོངས་ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས་མ་འདྲེན་ཚོགས་ཆེན་ཁྲུང་ཆིང་དུ་འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཚོང་འགུགས་འཐུས་མི་ཚོགས་པ་དང་ཁེ་ལས་ཀྱི་འཐུས་མི་སོགས་ཁྱོན་མི་200ལྷག་ཙམ་ལྷན་དུ་འཛོམས་ནས་བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་བྱས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་གོང་འོག་བརྒྱུད་ཀྱི་མ་འཇོག་གྲོས་མཐུན་15འཇོག་པར་སྐུལ་འདེད་བཏང་ཡོད།

    “བོད་ལ་ནུས་རྒྱུ་གཙང་མའི་ཐོན་ཁུངས་འབེལ་བ་དང་། ཐོན་ལས་འཆར་འགོད་ཚན་རིག་དང་མཐུན་པ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་བཟང་བ། འབྲེལ་ཡོད་སྲིད་ཇུས་ཀྱི་ཞབས་ཞུ་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བས་ཁེ་ལས་མཁས་ཅན་གྱིས་བོད་དུ་མ་འཇོག་བྱས་ནས་མཉམ་ལས་གཉིས་ཕན་ཡོང་བའི་གདེང་ཚོད་ཆེན་པོ་བརྒྱུད་སྤྲོད་བྱས་ཡོད”བོད་ལྗོངས་དྲོད་ནུས་ཀའོ་ཁོ་ནུས་རྒྱུ་ལག་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཧོང་ཧྲེང་ཝུའེ་ཡིས། ཆབ་མདོ་གྲོང་ཁྱེར་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཀུང་སིས་ལྗོངས་ཡོངས་ཀྱི་སྐྱེ་འཕེལ་གྱི་དུས་འཁོར་ཧྲིལ་པོར་ཞབས་འདེགས་ཞུ་བར་ནུས་པ་ལྡན་པའི་དྲོད་འདོན་ཁེ་ལས་དང་པོ་སྐྲུན་བཞིན་ཡོད་པ་དང་། འབྱུང་འགྱུར་ལོ་5ཡི་ནང་ལྗོངས་ནང་ཁུལ་གྱི་ནུས་རྒྱུ་གཙང་མའི་དྲོད་འདོན་སྣེ་འདྲེན་ཁེ་ལས་སུ་འཕེལ་རྒྱས་གཏོང་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཐོན་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་དང་འདེགས་སྐྱོར་ནུས་ལྡན་ཞིག་ཡིན་ཞིང་། ཐོན་ལས་དར་རྒྱས་སུ་སོང་ན་དཔལ་འབྱོར་སྟོབས་ཆེར་འགྱུར་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་པོ་ཡོད་ན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་པོ་ཡོང་ཐུབ། འདི་ལོ་ནས་བཟུང་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་དཔལ་འབྱོར་གསར་སྤེལ་ཁུལ་ཁག་གིས་ཐོན་ལས་ལ་དམ་འཛིན་ཡག་པོ་དང་ཐོན་ལས་ཆེན་པོར་དམ་འཛིན་བྱེད་པར་དམིགས་ནས“ཕྱིར་སྐྱོད་པ”དང“གདན་དྲངས་བ”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་ཚོང་འགུགས་མ་འདྲེན་བྱེད་རིང་རྩེར་སོན་བརྩོན་ལེན་དང་མདུན་ཕྱོགས་སུ་བསྐྱོད་རྒྱུ་རེད།

    —— ལྷ་ས་གྲོང་ཁྱེར་གྱིས“ཐོན་ལས་ཆེན་པོ་དགུ”དང“ལས་རྣམ་ཆེ་གྲས་ལྔའི་ཁུལ”ལ་དམིགས་ནས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཇུས་འགོད་བྱས་ཏེ་སྔ་རྗེས་སུ་ནན་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན་སོགས་སུ་ཡན་ལག་རུ་ཁག་ཆུང་གྲས་ཀྱི“ཕྱིར་སྐྱོད་པའི”གནད་སྨིན་ཚོང་འགུགས་མ་འདྲེན་ཐེངས་8བྱས་པ་དང་། རང་འགུལ་ངང་དམིགས་ཚད་གཙོ་བོའི་ཁེ་ལས་ལ་འཚམས་འདྲི་དང་རྣམ་གྲངས་འཚོལ་བར་བསྐྱོད་པ། རྣམ་གྲངས་32འབྲེལ་མཐུད་གྲོས་མོལ་བྱས་པ། ཁེ་ལས་4དང་གན་རྒྱ་འཇོག་རྒྱུའི་འདོད་མོས་བྱུང་བ་བཅས་རེད།

    —— ཉིང་ཁྲི་གྲོང་ཁྱེར་གྱིས་འཁོར་འབྲེལ་སྣུར་སྲིང་དང་། འཁོར་འབྲེལ་གསབ་པ། འཁོར་འབྲེལ་སྟོབས་ཆེར་གཏོང་བ་བཅས་ཀྱི་དགོས་མཁོར་དམིགས་ནས་བོད་སྐྱོར་དང་། གླིང་ཁུལ། ཚོང་འགུགས་ཡན་ལག་རུ་ཁག་བཅས་ཀྱི་ནུས་པ་བཏོན་ཏེ་སྔ་རྗེས་སུ་ཉིང་ཁྲི་-ཝུའུ་ཧན་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཚོང་འགུགས་འོས་སྦྱོར་བྱེད་སྒོ་དང་། བོད་ལྗོངས་-ཁྲུང་ཆིང་གི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཚོང་འགུགས་འོས་སྦྱོར་བྱེད་སྒོ ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་21པའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་སྤེལ་རེས་བྱེད་སྒོ་བཅས་གཉེར་བའམ་དེའི་ནང་ཞུགས་ཡོད།

    ཚོང་འགུགས་མ་འདྲེན་ཐོན་ལས་ཀྱི་གྲུབ་ཆ་ནས་བལྟས་ན། ལྗོངས་ཡོངས་ཀྱི་ཐོན་ལས་ཁག་གི་ཚོང་འགུགས་ཆེད་དོན་ཚོགས་ཆུང་གིས“ཐོན་ལས་ཆེན་པོ་བརྒྱད”ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་འཁོར་འབྲེལ་འཛུགས་པ་དང་གསབ་པ་དང་འཁོར་འབྲེལ་སྣུར་སྲིང་དང་སྟོབས་ཆེར་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་དཔལ་འབྱོར་འདུས་ཚད་མཐོ་རུ་གཏོང་རྒྱུ་དང་། དུས་ཚོད་དང་བར་སྟོང་གི་རྒྱང་ཐག་ཐུང་དུ་གཏོང་རྒྱུ། ས་ཁོངས་དབྱེ་ཉུང་དུ་གཏོང་རྒྱུ་བཅས་ཀྱི་ཟུར་ཚད་ནས་དམིགས་སའི་རང་བཞིན་ཆེ་བ་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་ཐོན་ལས་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་པ་དང་ཐོན་ཁུངས་དང་། རྒྱུ་ནོར། མ་རྩ། མ་དངུལ་བཅས་ལེགས་ཆའི་ཐོན་ལས་འཁོར་འབྲེལ་དང་འགག་རྩའི་འདེགས་སྐྱོར་དུ་གཅིག་སྡུད་ཡོང་བར་བྱས་ཏེ་ཐོན་ལས་སྲིད་ཇུས་གནད་ལ་འཁེལ་བ་དང་། ཐོན་ལས་གྲུབ་ཆ་བཀོད་སྒྲིག་ཚན་རིག་དང་མཐུན་པ། སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུ་བ་བཅས་བྱས་པ་རེད།

    ཞབས་ཞུ་ལེགས་སུ་གཏོང་བ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་པས་ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་དངོས་ཐོན་པ།

    “འདི་གར་ཐོན་ལས་ཀྱི་རྨང་གཞི་དང་ཚོང་གཉེར་གྱི་ཁོར་ཡུག་ཡག་པོ་ཡོད་པས་ས་གནས་དེ་གའི་སྲིད་གཞུང་གིས་ས་ཆ་སྤྱོད་པ་དང་། མི་སྤྱོད་པ། ལག་ཁྱེར་གཉེར་བ། བྱ་བ་སྒྲུབ་པ་སོགས་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཁེ་ལས་བདེ་བླག་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་མ་འཇོག་ལས་གཏོད་ཀྱི་སྐོར་གླེང་སྐབས་ཧྲེན་དབྱང་ཧའེ་ཀུའེ་སྨན་བཅོས་ཚན་རྩལ་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་འགན་འཁུར་བ་ཕེ་ཀྲི་གོ་ཡིས་དེ་ལྟར་བཤད།

    ཕེ་ཀྲི་གོ་ཡིས་ཀུང་སི་བཙུགས་མ་ཐག་ཡིན་པར་བསམ་གཞིག་བྱས་ནས་ས་གནས་དེ་གའི་སྲིད་གཞུང་གིས“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལས་སྟེགས་བཙུགས་ཏེ་ཀུང་སིར་བརྒྱུད་རིམ་ཧྲིལ་པོའི་ལས་ཚབ་ཞབས་ཞུ་མཁོ་འདོན་བྱས་པས་ལས་སྒྲུབ་ཀྱི་བརྒྱུད་རིམ་དང་དུས་ཚོད་ཐུང་དུ་ཕྱིན་ཡོད། “ཀུང་སིའི་ཐོན་སྐྱེད་དང་གཉེར་སྐྱོང་ལ་དམིགས་ཏེ་ད་དུང་ཆེད་དོན་ཞབས་ཞུའི་ཚོགས་པ་བཙུགས་པ་དང་། རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་བཙུགས་པ། དུས་ངེས་མེད་དུ་བཞུགས་མོལ་ཚོགས་འདུ་འཚོགས་པ། ཁེ་ལས་ལ་འཚམས་འདྲིར་བསྐྱོད་པ་སོགས་བྱས་ནས་དུས་ཐོག་ཏུ་མཐུན་སྦྱོར་བྱས་ཏེ་དཀའ་ངལ་ཐག་གཅོད་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    ཚོང་འགུགས་མ་འདྲེན་ཁེ་ལས་ཀྱིས་ལོངས་སུ་སྤྱོད་པའི་སྲིད་ཇུས་ཞབས་ཞུ་ནི་རང་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི“བརྒྱུད་རིམ་ཧྲིལ་པོར་ཚབ་སྒྲུབ། ཆེད་དོན་ཚན་ཁག་གི་ཞབས་ཞུའི”ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་པའི་དཔེ་མཚོན་མངོན་གསལ་དོད་པོ་ཞིག་རེད། ལྗོངས་ཡོངས་ཀྱི་ཚོང་འགུགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས“འགོ་ཁྲིད་ཀྱིས་འགན་གཙང་ལེན་པ་དང་། ཆེད་དོན་ཚན་ཁག་གིས་ཞབས་ཞུ། དུས་བཀག་བཀོད་སྒྲིག ནུས་ཤུགས་ཡོད་རྒུས་སྐུལ་འདེད”བཅས་ཀྱི་རྩ་དོན་དང“རྣམ་གྲངས་གཅིག་དང་། འགོ་ཁྲིད་གཅིག ཇུས་གཞི་ཆ་ཚང་། དམ་འཛིན་མཐར་ཕྱིན”བཅས་ཀྱི་རྣམ་པ་གཞིར་བཟུང་། རྣམ་གྲངས་འབྲེལ་མཐུད་གྲོས་མོལ་དང་། ས་ཆ་འདེམས་པ། འཛུགས་སྐྲུན་གཉེར་སྐྱོང་སོགས་བརྒྱུད་རིམ་ཡོངས་ཀྱི་རྗེས་སྙེག་ཞབས་ཞུ་ལེགས་སུ་བཏང་ནས་ཁེ་ལས་ལ་འཕྲད་པའི་འགག་གནད་མཐུན་སྦྱོར་ཐག་གཅོད་བྱས་ཏེ་བོད་ཀྱི་ཚོང་འགུགས་མ་འདྲེན་ལས་ཀའི་སྤྲོ་སེམས་མྱོང་ཚོར་ཐུབ་ཡོད། ལྷོ་ཁ་གྲོང་ཁྱེར་བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་དོ་དམ་ཅུས་ཀྱི་རིམ་པ་བཞི་པའི་བརྟག་ཞིབ་པ་ལིའུ་མིང་ཧྥེ་ཡིས་ལོ་སྟོད་ནས་བཟུང་སྔ་རྗེས་སུ་ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས་རྣམ་གྲངས་དང་བེད་མེད་ཐོན་ཁུངས་ཕྱོགས་བསྡུས་བསྐྱར་སྤྱོད་རྣམ་གྲངས་སོགས་རྣམ་གྲངས་གསར་པ་17ལྷོ་ཁར་གཞིས་ཆགས་ཡོད་ཅེས་བཤད་པ་རེད།

    ལྗོངས་ཡོངས་ལ་བལྟས་ན། འབྲེལ་ཡོད་སྡེ་ཚན་ཁག་དང་བཟོ་ལས་གླིང་ཁག་གིས་ཐོག་མཐའ་བར་གསུམ་དུ་ཁེ་ལས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་ཁེ་ལས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་པ་དང་ཁེ་ལས་ཀྱི་བློ་ཡིད་ཚིམ་ཚད་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“བརྒྱུད་རིམ་ཧྲིལ་པོར་ཚབ་སྒྲུབ། ཆེད་དོན་ཚན་ཁག་གི་ཞབས་ཞུ”དང་རྣམ་གྲངས་གལ་ཆེན་འགོ་ཁྲིད་ཀྱིས་འགན་གཙང་འགན་ལེན་གྱི་ཞབས་ཞུའི་ལམ་སྲོལ་གཉིས་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་བསྐྲུན་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྡུད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།