དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལོ་རྒྱུས་མཛད་རྗེས་རྡོ་རིང་བློ་ལ་ངེས། རླབས་ཆེན་རྒྱང་ལམ་ཕྱོགས་སུ་འབད་པས་བསྐྱོད།

    —— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་དོན་གསུམ་འཁོར་བར་དྲན་གསོ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-05-24

    ལོ་རྒྱུས་ཀྱི་གནས་ཚད་ཐོག་གནད་དོན་གལ་ཆེན་ཁག་གཅིག་དཔྱིད་ཀྱི་མེ་ཏོག་སྟོན་གྱི་འབྲས་བུའི་ཁྲོད་ཡུན་ནས་ཡུན་དུ་གནས་པ་དང་། རྔམ་བརྗིད་ལྡན་པའི་མཛད་རྗེས་རྡོ་རིང་ཁག་གཅིག་ལོ་ཟླའི་ཉམས་སད་ཁྲོད་དེ་བས་འོད་མདངས་འཚེར་བཞིན་ཡོད།

    ལོ་73གོང་གི་ཟླ་5ཚེས་23ཉིན། 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ཁྱབ་བསྒྲགས་བྱས་པ་རེད། དུས་དེ་ནས་བཟུང་། བོད་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ནམ་ཡང་ཐར་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་བུའི་ཐོག་བསྐྱོད་ཡོད། དེ་ནི་བོད་ལྗོངས་འདི་ཉིད་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་ཕྱོགས་སུ་སྐྱོད་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས་ཤིག་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འཚོ་བ་གསར་པ་ཐོབ་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་ཞིག འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་དང་། ཀྲུང་གོའི་དེང་རབས་ལོ་རྒྱུས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བཅས་རེད།

    ཞི་བའི་བཅིངས་འགྲོལ་བཏང་བ་དེ་འགོ་ཚུགས་སར་བྱས་ནས། རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་དམངས་གཙོའི་བཅོས་སྒྱུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་པ། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཟོས་པ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། གངས་ལྗོངས་ས་མཐོར་མཛད་པ་རྒྱུན་བརྟན་དང་། མི་རབས་སྟོང་ལ་ཕན་པ། ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་མཛད་རྗེས་བཏོད་ཡོད། དུས་རབས་གསར་པར་སླེབས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འདོན་ཇུས་འབུལ་གནང་བ་དང་། སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བཏོན་ནས། བོད་ཀྱིས་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་དང་དེ་སྔོན་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ལེགས་པར་སྒྲུབ་པར་རྒྱབ་སྐྱོར་གནང་སྟེ་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།

    རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་དུས་ཚོད་དང་ཏག་ཏག་འཁེལ་བ་དང་། བོད་འདི་ཉིད་ཞི་མཐུན་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དར་རྒྱས་གོང་འཕེལ། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་ལེགས་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་དུས་བབ་བཟང་པོར་གནས་ཡོད། འཕོ་འགྱུར་ཆེན་པོ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱི་མིག་བལྟས་ཚེ། ང་ཚོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་མྱོང་ཚོར་ཟབ་མོ་ཐུབ་པ་དང་། བོད་ལ་བྱུང་བའི་འགྱུར་ལྡོག་རེ་རེ་དང་། ཐེག་པའི་ཚོད་བགམ་རེ་རེ། ཐོབ་པའི་གྲུབ་འབྲས་རེ་རེ་བཅས་མྱོང་ཚོར་ཟབ་མོ་ཐུབ་པ་དེ་དག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། དེའི་ནང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད་ལ། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཡང་འདུས་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་འགན་དང་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པའི་མདུན་དུ་ང་ཚོས་དཔའ་ངར་ཆེ་ཞིང་ཕུགས་བསམ་ལྡན་པ་དང་རིག་པ་དྭངས་གསལ་བློ་རྩ་བརྟན་པོ་བྱེད་དགོས། ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་བློ་ལ་ངེས། རྒྱང་ལམ་རླབས་པོ་ཆེའི་ཕྱོགས་སུ་འབད་པས་བསྐྱོད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། མི་རིགས་ཆོས་ལུགས་ལས་དོན་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་སྡུད་བྱེད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ཐོག་མཐའ་བར་གསུམ་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུ་དེ་ནང་གནས་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་ཀླུང་གི“མཛེས་ལྗོངས”སྲུང་སྐྱོང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕན་གྱི“རིན་ཐང་མཐོན་པོ”གཏོད་དགོས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་འཐབ་ཇུས་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མང་ཚོགས་བདེ་སྐྱིད་བཅས་ཡོང་བར་འགན་ལེན་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ་དམངས་འཚོའི་བྱ་བ་དངོས་ཁག་རྒྱུན་འཁྱོངས་ལྷོད་མེད་ངང་དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བའི་འགན་སྲུང་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སེམས་པ་གཅིག་མཐུན་དང་ངར་ཤུགས་གཅིག་སྒྲིལ་གྱི་ལས་སྒྲུབ་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

    ཞི་བས་བཅིངས་འགྲོལ་བཏང་ཚུན་བཏོད་པའི་འོད་སྟོང་འཕྲོ་བའི་ལམ་བུ་བརྒྱུད་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་བསུ་བཞིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་རྟོན་རང་དར། གཞུང་འཁྱོངས་གསར་འབྱེད། འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་ས་མཐོའི་ཡུལ་གྲུ་ཆེན་པོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་མུ་མཐུད་གྱེར་བ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ལེའུ་གསར་པ་ཟམ་མི་ཆད་པར་བརྩམས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།