སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་བཏང་བ་དེས་ཕན་པ་ཆེན་པོ་ཐོབ་པ།
ཉེ་ཆར། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་གྱི་སྐྱེད་ཚད་བརྒྱ་ཆའི་གྲངས་0.25དམའ་རུ་བཏང་ཡོད། སྡོད་ཁང་འཛུགས་སྐྲུན་པུས《སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་གཏོང་བའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་གྱི་སྐྱེད་ཚད་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ། གསོག་འབོར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་གྱི་སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ད་ཐེངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་བཏང་བ་དེ་ཞིབ་ཕྲ་ཇི་ལྟར་ལག་ལེན་བསྟར་དགོས་པ་དང་དངུལ་བཅོལ་མཁན་ལ་དེའི་ཁྲོད་ནས་ཕན་པ་ཇི་ཙམ་ཐོབ་བམ།
སྡོད་ཁང་འཛུགས་སྐྲུན་པུའི་སྡོད་ཁང་སྤྱི་གསོག་མ་དངུལ་ལྟ་འདོམས་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ད་ཐེངས་ཀྱི་དངུལ་བུན་སྐྱེད་ཚད་ལེགས་སྒྲིག་ཁྱབ་ཁོངས་ནང་གསར་དུ་བཏང་བའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་ཚུད་ཡོད་ལ། གསོག་འབོར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་ཡང་ཚུད་ཡོད། 2024ལོའི་ཟླ་5ཚེས་18ཉིན་གྱི་གོང་དུ་བཏང་བའི་སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དེ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་སྐྱེད་ཚད་གསར་པ་ལག་ལེན་བསྟར་རྒྱུ་དང་། 2024ལོའི་ཟླ་5ཚེས་18ཉིན(ཚུད་པ)རྗེས་གསར་དུ་བཏང་བའི་སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དེ་ལེགས་སྒྲིག་བྱས་རྗེས་ཀྱི་སྐྱེད་ཚད་གསར་པ་ལྟར་ཐད་ཀར་ལག་ལེན་བསྟར་རྒྱུ་རེད།
དངུལ་བུན་གྱི་སྐྱེད་ཚད་དམའ་རུ་བཏང་ཚེ་ཐད་ཀར་ཁེ་ཕན་ཐོབ་མཁན་ནི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་མཁན་ཡིན་ཞིང་། དངུལ་གྲངས་སྒོར་ཁྲི་100དང་དུས་བཀག་ལོ་30ཡིན་པའི་སྡོད་ཁང་དང་པོའི་སྤྱི་གསོག་མ་དངུལ་གྱི་སྒེར་ཁང་དངུལ་བུན་ལ་དཔེ་བཞག་ན། གྲངས་མཚུངས་མ་སྐྱེད་ཀྱི་དངུལ་བུན་འཇལ་སྟངས་བདམས་ཚེ། ཟླ་རེའི་སྒོར་4270.16ནས་སྒོར་4135.57འཇལ་བའི་བར་ཆག་ནས་སྒོར་135ཙམ་ཉུང་དུ་ཕྱིན་པ་དང་སྐྱེད་ཀའི་འགྲོ་སོང་ཁྱོན་སྒོར་ཁྲི་4.85ཉུང་དུ་འགྲོ་རྒྱུ་རེད།