སེར་པི་ཡའི་ཙུང་ལིས་བརྗོད་དོན།
མཛའ་གྲོགས་ཟབ་མོས་དུས་རབས་གསར་པའི་སེར་ཀྲུང་ལས་དབང་གཅིག་མཐུན་ཚོགས་པའི་རྨང་གཞི་བཏིང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། སེར་པི་ཡའི་ཙུང་ལི་ཝུའུ་ཆི་ཝུའེ་ཆིས་སེར་པི་ཡས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། སེར་ཀྲུང་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་ནི་རྒྱལ་ཁབ་གཉིས་པོས་དུས་རབས་གསར་པའི་སེར་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་རྨང་གཞི་ཡིན་ཞེས་གསུངས་པ་རེད།
སེར་པི་ཡའི་པེར་ཀེ་ལའེ་ཏེའི“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་སུའོ་དང་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་གསར་གཏོད་ལྟེ་གནས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཇུས་འདོན་ཚོགས་པའི་གླེང་སྟེགས་སྐབས་བཞི་པ་ཉིན་དེར་སེར་པི་ཡའི་རྒྱལ་ས་པེར་ཀེ་ལའེ་ཏེར་འཚོགས་ཤིང་། ཝུའུ་ཆི་ཝུའེ་ཆིས་གླེང་སྟེགས་ལ་ཞུགས་ནས་ཤིས་ཚིག་སྒྲོན་སྐབས། སེར་པི་ཡ་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་མཁན་རྒྱལ་ཁབ་ཁག་དང་པོའི་གྲས་ཤིག་རེད་ལ། མུ་མཐུད་འདྲ་མཉམ་གྱི་མཉམ་ལས་ལ་གཞོལ་རྒྱུའི་འཆར་གཞི་ཁ་གསལ་པོའང་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག ཉེ་ཆར་རྒྱལ་ཁབ་གཉིས་པོས་མཉམ་ལས་ཡིག་ཆ་ཁག་28ལ་མིང་རྟགས་བཀོད་པའམ་ཡང་ན་ངོས་འཛིན་གཅིག་མཐུན་བྱུང་བའི་གྲས་སུ་ཁྱབ་ཁོངས་ཁག་ཚུད་ཡོད་པ་དེ། རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གྲོས་འགོའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
སྐབས་འདིའི་ཇུས་འདོན་ཚོགས་པའི་གླེང་སྟེགས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཉམ་ལས་འཕེལ་རྒྱས་ལ་དམིགས་ཏེ། རྒྱལ་ཁབ་20ལྷག་ཙམ་གྱི་དཔོན་རིགས་དང་། རིགས་གཅིག་མཁས་ཅན། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི། རིག་གཞུང་སྒྲིག་གཞིའི་འཐུས་མི་བཅས་ཚོགས་འདུར་ཞུགས་རྒྱུའི་ཡིད་དབང་བཀུག་ཅིང་། ཁོང་ཚོས་ས་འབྲེལ་གྱི་ཆབ་སྲིད་གནས་ཚུལ་དང་ས་ཁོངས་མཉམ་ལས་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་ལོ་བཅུ་ཚན་དང་པོ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད། རྒྱུན་མཐུད་ཆོག་པའི་མཉམ་འབྲེལ་འཕེལ་རྒྱས་སོགས་དང་འབྲེལ་བ་ཡོད་པའི་བརྗོད་གཞིར་གྲོས་བསྡུར་བྱ་རྒྱུ་རེད།