ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་བཏང་། གྲོང་གསེབ་དར་རྒྱས་རེ་བས་ཁེངས།
སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་གསེར་ངོགས་གྲོང་ཚོའི་གཙང་དབུས་གླིང་ཕྲན་གྱི་མཐོང་ཐོས།
དབྱར་གྱི་བུ་མོའི་འཛུལ་ཞལ་དལ་གྱིས་ངོམ་པའི་ནམ་དུས་འདིར། རི་ཀླུང་ཀུན་ཏུ་སྔོ་ལྗང་གོས་ཀྱིས་བརྒྱན་ཞིང་། འདབ་ཆགས་སྣ་ཚོགས་ཅི་དགར་འཕུར་བཞིན་མཆིས། སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་གསེར་ངོགས་གྲོང་ཚོའི་གཙང་དབུས་གླིང་ཕྲན་དུ་ཡུལ་སྐོར་བ་འགའ་རེ་ནི་གུར་ཕུབ་སྟེ་གཏམ་གྱི་སྒོ་མོ་ཕྱེ་ནས་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། ཡང་འགའ་རེས་རྒྱང་རིང་གི་གངས་རི་མཐོན་པོའི་མཛེས་ཉམས་ལ་ལྟ་ཞོར་དུ་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་པར་རྒྱག་བཞིན་ཡོད་པས་འཁྲུག་ཆ་ཤིན་ཏུ་དོད།
གཙང་དབུས་གླིང་ཕྲན་ནི་སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་གསེར་ངོགས་གྲོང་ཚོར་ཡོད་པ་དང་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོའི་འབྲེལ་མཚམས་སུ་ཆཌ། སྔོན་ཆད་ཐལ་རླུང་ལྡང་བས་གཙང་དབུས་གླིང་ཕྲན་སྐྱ་ཐིང་ངེར་གནས་པ་དང་། 2009ལོ་ནས་2018ལོའི་བར་དང་ཐོག་ཤིང་འཛུགས་ནགས་བཟོ་མུའུ་1000བྱས་པ་དང་། དེ་ནས་མུའུ་3000བར་རིམ་བཞིན་རྒྱ་ཆེར་ཕྱིན་ནས་ལྗོན་ཤིང་རྐང་ཉིས་ཁྲི་སུམ་སྟོང་ལྷག་ཙམ་བཏབ་ཡོད། གཞན་ཡང་ད་དུང་ཁམ་སྡོང་དང་། སྟར་སྡོང་། ཀུ་ཤུའི་སྡོང་པོ་སོགས་ཤིང་འབྲས་སྡོང་པོ་300ལྷག་ཙམ་བཏབ་ཡོད།
མཛེས་སྡུག་ལྡན་པའི་སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་གསེར་ངོགས་གྲོང་ཚོ་ད་ཆ་ཡུལ་སྐོར་དམིགས་སར་གྱུར་ཞིང་། ཤིང་འཛུགས་ནགས་བཟོ་བྱས་པས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། གྲོང་མི་རྣམས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པར་བསྐྱོད་རྒྱུར་སྣེ་ཁྲིད་ཀྱང་ཐུབ་ཡོད། འགྱུར་ལྡོག་དེ་ནི་གསེར་ངོགས་གྲོང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
གྲོང་ཁུལ་ནས་རླངས་འཁོར་བཏང་སྟེ་ཡོང་བའི་ནོར་བུ་ཚེ་རིང་གིས་དགའ་སྤྲོའི་ངང་གསར་འགོད་པར“སྔོན་མ་གཟའ་མཇུག་ཏུ་ཕྲུ་གུ་ཁྲིད་ནས་རོལ་རྩེད་གླིང་དང་སྤྱི་གླིང་ཁོ་ནར་འགྲོ་ཡི་ཡོད། ད་ཆ་ཕྲུ་གུ་ཁྲིད་ནས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་ལྟ་བར་འགྲོ་ཆོག་པས་ཧ་ཅང་ཡག་པོ་འདུག”ཅེས་བཤད།
སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པར་བརྟེན་གཙང་དབུས་གླིང་ཕྲན་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་རིམ་བཞིན་མངོན་ཡོད། གླིང་ཕྲན་སྔོ་ལྗང་གོས་ཀྱིས་བརྒྱན་ལ་འདབ་ཆགས་སྣ་ཚོགས་ཅི་དགར་འཕུར་བ་དང་། མཐའ་འཁོར་གྱི་འདམ་རའི་སྤྱི་གླིང་དང་གནམ་ཐང་ཡང་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། གསེར་ངོགས་གྲོང་ཚོས་གོ་སྐབས་དེ་དམ་འཛིན་བྱས་ནས་སྒོ་རའི་དཔལ་འབྱོར་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གཙང་དབུས་གླིང་ཕྲན་གྱི་ཡུལ་སྐོར་རྣམ་གྲངས་བཏོན་པས་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཡོད།
གསེར་ངོགས་གྲོང་ཚོའི་གྲོང་མི་མཆོག་ཚེ་རིང་གིས“སྔོན་མ་ཐལ་རླུང་ལྡང་བ་དང་ཁོར་ཡུག་ཀྱང་ཡག་པོ་མེད། ད་ཆ་གཙང་དབུས་གླིང་ཕྲན་སྔོ་ལྗང་ཅན་དུ་གྱུར་པ་དང་ཡུལ་སྐོར་བའང་མང་དུ་ཕྱིན་པར་བརྟེན་ང་ཚོའི་ཡོང་འབབ་ཀྱང་དེ་དང་བསྟུན་ནས་མང་དུ་ཕྱིན་སོང”ཞེས་བཤད།
ཡུལ་སྐོར་ལས་རིགས་ཀྱི་སྣེ་ཁྲིད་འོག་གསེར་ངོགས་གྲོང་ཚོའི་གྲོང་མི་ཚོར་འབབ་འཕར་གྱི་ཐབས་ལམ་གསར་པ་རྙེད་ཡོད། ཁོང་ཚོས་རང་ཁྱིམ་གྱི་སྒོ་རའི་ནང་ཤིང་འབྲས་དང་སྔོ་ཚལ་བཏབ་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱེད་ཀྱི་ཡོད། གཞན་ཡང་གཙང་དབུས་གླིང་ཕྲན་དུ་ཡུལ་སྐོར་བ་ཚོས་བྱེ་ཐང་དུ་སྦག་སྦག་གཏོང་བ་དང་། མདའ་འཕེན་པ། རྟ་བཞོན་པ་བཅས་ཀྱི་སྤྲོ་སྣང་མྱོང་རོལ་བྱེད་ཆོག་པ་དང་ཆབས་ཅིག་ས་གནས་ཀྱི་ཞིམ་ཟས་ཀྱང་མྱོང་རོལ་བྱེད་ཐུབ།
2023ལོར་གསེར་ངོགས་གྲོང་ཚོའི་གཙང་དབུས་གླིང་ཕྲན་གྱི་ཡུལ་སྐོར་རྣམ་གྲངས་ལས་གྲོང་ཚོ་ཡོངས་ཀྱི་དུད་ཚང་62ལ་ཡོང་འབབ་སྒོར་ཁྲི་71བྱུང་བ་དང་ཆ་སྙོམས་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་1.15བྱུང་ནས་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.8ལས་བརྒལ་ཡོད།
སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལུའོ་ཧོན་གཡོད་ཀྱིས“གཙང་དབུས་གླིང་ཕྲན་གྱི་འགྱུར་ལྡོག་དང་གསེར་ངོགས་གྲོང་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བསྡུས་རིས་ཤིག་རེད། འབྱུང་འགྱུར་འཕེལ་རྒྱས་ཁྲོད་ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཡུལ་སྐོར་དང་ཁྱད་ལྡན་ཐོན་ལས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་འགྱུར་བཅས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་ཀྱི་ཡིན”ཞེས་བཤད།