དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡིད་རྟོན་སྙན་ཞུས་དཔལ་འབྱོར་དང་འཚོ་བར་ཤུགས་རྐྱེན་གང་འདྲ་ཐེབས་སམ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཝུའུ་ཆིའུ་ཡུས།   |     སྤེལ་དུས།  2024-05-22

    ཡིད་རྟོན་སྙན་ཞུ་ནི་མི་སྒེར་དང་ཁེ་ལས་ཀྱི་ཡིད་རྟོན་བྱ་སྤྱོད་མཚོན་པའི“དཔལ་འབྱོར་གྱི་ཐོབ་ཐང་ལག་ཁྱེར”ལྟ་བུ་ཞིག་ཡིན་པ་དང་། ཡིད་རྟོན་མ་ལག་ནི་རྒྱལ་ཁབ་ཀྱི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཡིད་རྟོན་སྙན་ཞུས་ང་ཚོའི་རྒྱུན་གཏན་གྱི་དཔལ་འབྱོར་དང་འཚོ་བར་ཤུགས་རྐྱེན་གང་དག་ཐེབས་ཀྱི་ཡོད་དམ། མི་སྒེར་དང་ཁེ་ལས་ཀྱིས་ཡིད་རྟོན་སྙན་ཞུ་འདྲི་རྩད་དང་ཡིད་རྟོན་སྙན་ཞུའི་ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱེད་དགོས་སམ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ཡིད་རྟོན་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་ཡིན།

    ཡིད་རྟོན་སྙན་ཞུ་འདྲི་རྩད་བྱེད་པ་དེ་ཡིད་རྟོན་དངུལ་བུན་ཞིབ་དཔྱད་བརྒྱུད་རིམ་གྱི་དགོས་ངེས་ཀྱི་ལྷུ་ཚིགས་ཤིག་ཏུ་གྱུར་ཡོད།

    དྲི་བ། མིག་སྔའི་ཡིད་རྟོན་ལས་རིགས་ཀྱི་འཕེལ་རྒྱས་གནས་ཚུལ་གང་འདྲ་ཡིན་ནམ། མི་སྒེར་དང་ཁེ་ལས་ལ་ཤུགས་རྐྱེན་གང་དག་ཐེབས་སམ།

    དྲིས་ལན། འདི་ལོའི་ཟླ་3པའི་ཟླ་མཇུག་བར། རང་རྒྱལ་གྱི་དངུལ་རྩའི་ཡིད་རྟོན་ཆ་འཕྲིན་གྱི་རྨང་གཞིའི་གྲངས་གཞིའི་མཛོད་དེ་ཚོང་ལས་དངུལ་ཁང་དང་། འཛད་སྤྱོད་དངུལ་རྩའི་ཀུང་སི། གྲངས་ཉུང་དངུལ་བུན་ཀུང་སི་སོགས་ཡིད་རྟོན་དངུལ་བུན་གྱི་ལས་སྒོ་སྣ་ཚོགས་གཉེར་བའི་ཁྲིམས་མིའི་སྒྲིག་གཞི་6124དང་འབྲེལ་མཐུད་ཐུབ་ནས་རིམ་རྩིས་བརྒྱབ་ན། རང་བྱུང་མི་དུང་ཕྱུར་11.6དང་། ཁེ་ལས་དུང་ཕྱུར་1.3དང་རྩ་འཛུགས་གཞན་དག་གི་ཆ་འཕྲིན་བསྡུས་པ་སོགས་གོ་ལ་ཧྲིལ་པོར་ཁྱབ་མང་ཤོས་དང་ཡིད་རྟོན་དངུལ་བུན་ཆ་འཕྲིན་བསྡུས་ཚད་ཆ་ཚང་ཤོས་ཀྱི་ཡིད་རྟོན་མ་ལག་ཅིག་ཏུ་གྱུར་ཡོད། 2023ལོ་ཧྲིལ་པོར་ཡིད་རྟོན་འདྲི་རྩད་ཐེངས་དུང་ཕྱུར་53ཙམ་ལ་ཞབས་འདེགས་ཞུས་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྲོམ་རའི་དགོས་མཁོར་གཞིགས་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་སོགས་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་སྔ་རྗེས་སུ་མི་སྒེར་གྱི་ཡིད་རྟོན་སྒྲིག་གཞི་2བཙུགས་ཡོད། 2023ལོར་མི་སྒེར་གྱི་ཡིད་རྟོན་སྒྲིག་གཞི་དེ་2ཀྱིས་ཡིད་རྟོན་སྙན་ཞུ་དང་། ཡིད་རྟོན་སྐར་གྲངས་དཔྱད་བསྡུར། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་སྐར་གྲངས་དཔྱད་བསྡུར་སོགས་ཡིད་རྟོན་གྱི་ཞབས་ཞུ་ཐེངས་དུང་ཕྱུར་420བྱས་པ་དང་ཐོ་འགོད་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཡིད་རྟོན་སྒྲིག་གཞི་149ཡིས་ཡིད་རྟོན་ཞབས་ཞུ་སྣ་ཚོགས་ཐེངས་དུང་ཕྱུར་223བྱས་པ་རེད།

    ཡིད་རྟོན་ལས་རིགས་ནི་ཁྲོམ་རའི་དཔལ་འབྱོར་ཁྲོད་ཡིད་རྟོན་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་ལས་རིགས་ཤིག་ཡིན། ཁེ་ལས་དང་མི་སྒེར་གྱི་ཡིད་རྟོན་སྙན་ཞུ་སོགས་ཡིད་རྟོན་ཐོན་རྫས་ཀྱིས་ཉོ་ཚོང་བར་ཕ་རོལ་པོའི་ཡིད་རྟོན་གནས་ཚུལ་ཤེས་རྟོགས་ཡོང་བར་སྟབས་བདེ་བསྐྲུན་ནས་ཡིད་རྟོན་ཆ་འཕྲིན་ཁྲིམས་ལྟར་མཉམ་སྤྱོད་དང་བེད་སྤྱོད་ལ་ཕན་ཐོགས་ཡོད་པ་མ་ཟད། ཆ་འཕྲིན་དོ་སྙོམས་མིན་པའི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་། མ་དངུལ་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་ཕན་པའང་ཡོད་པ་རེད།

    མི་སྒེར་གྱི་ཚུལ་མིན་ཆ་འཕྲིན་ཉར་ཚགས་བྱེད་ཡུན་ལོ་5ཡིན།

    དྲི་བ། བྱ་སྤྱོད་གང་དག་མི་སྒེར་དང་ཁེ་ལས་ཀྱི་ཡིད་རྟོན་ཟིན་ཐོར་འགོད་སྲིད་དམ།

    དྲིས་ལན། ཁེ་ལས་དང་མི་སྒེར་གྱི་ཡིད་རྟོན་སྙན་ཞུའི་ནང་ཁེ་ལས་དང་མི་སྒེར་གྱི་ཡིད་རྟོན་གནས་ཚུལ་དབྱེ་འབྱེད་དང་བརྡར་ཤ་གཅོད་པར་མཁོ་བའི་གཞི་རྩའི་ཆ་འཕྲིན་དང་། དངུལ་བུན་གཏོང་ལེན་གྱི་ཆ་འཕྲིན། འབྲེལ་ཡོད་ཀྱི་ཆ་འཕྲིན་གཞན་དག་བཅས་དང་། དེ་བཞིན་གོང་གི་ཆ་འཕྲིན་དག་ལ་གཞིགས་ནས་གྲུབ་པའི་དབྱེ་ཞིབ་གདེང་འཇོག་ཆ་འཕྲིན་བཅས་ཚུད་ཡོད།

    དངུལ་རྩའི་ཡིད་རྟོན་ཆ་འཕྲིན་གྱི་རྨང་གཞིའི་གྲངས་གཞིའི་མཛོད་ཀྱིས་འཚོལ་བསྡུ་བྱས་པའི་ཆ་འཕྲིན་གཙོ་བོ་གཤམ་གསལ།

    གཅིག་ནི་གཞི་རྩའི་ཆ་འཕྲིན་ཡིན་ཞིང་། དེའི་ནང་མི་སྒེར་གྱི་ཐོབ་ཐང་དང་། སྡོད་གནས། ལས་རིགས། བཟའ་ཟླ་སོགས་ཀྱི་ཆ་འཕྲིན་དང་། ཁེ་ལས་ཀྱི་ཐོ་འགོད་ཆ་འཕྲིན། མ་དངུལ་གཏོང་མཁན་གཙོ་བོའི་ཆ་འཕྲིན། མཐོ་རིམ་དོ་དམ་པ་གཙོ་བོའི་ཆ་འཕྲིན་སོགས་ཚུད་ཡོད།

    གཉིས་ནི་ཡིད་རྟོན་དངུལ་བུན་གྱི་ཆ་འཕྲིན་ཡིན་ཞིང་། དངུལ་བུན་སྣ་ཚོགས་ཕུད། ད་དུང་མི་སྒེར་གྱི་ཡིད་རྟོན་གཱ་དང་། ཁེ་ལས་དངུལ་ཁང་གི་དངུལ་སྤྲོད་འགན་ལེན་འཛིན་ཡིག ཁེ་ལས་ཀྱི་ཡིད་རྟོན་དཔང་ཡིག ཁེ་ལས་ཀྱི་ཁག་ཐེག་ཡིག་ཆ། ཡིད་རྟོན་འགན་ལེན་གྱི་འགན་བཅོལ་སྤྲོད་དངུལ་སྔ་འདོན། མ་དངུལ་བསྡུ་སྒྲིལ་དང་འཛིན་ལོར་བསྡུ་རྒྱུག ཕྱི་ཕྱོགས་ཀྱི་ཁག་ཐེག་སོགས་ཡིད་རྟོན་དངུལ་བུན་གྱི་ཆ་འཕྲིན་ཚུད་ཡོད།

    གསུམ་ནི་འབྲེལ་ཡོད་ཆ་འཕྲིན་གཞན་དག་ཡིན་ཞིང་། ཁེ་ལས་ཀྱི་སྲིད་འཛིན་ཆོག་འཐུས་དང་ཆད་གཅོད་ཆ་འཕྲིན་དང་། མི་དམངས་ཁྲིམས་ཁང་གི་ཡིད་རྟོན་ཤོར་བའི་ལག་ལེན་བསྟར་ཡུལ་སྐྱེ་བོའི་ཆ་འཕྲིན། ཆུ་གློག་སོལ་རླངས་སོགས་སྤྱི་སྤྱོད་བྱ་གཞག་གི་ཆ་འཕྲིན་སོགས་ཚུད་ཡོད།

    ཡིད་རྟོན་ཟིན་ཐོ་ནི་ཆ་འཕྲིན་བྱེད་པོའི་སྔར་སོང་ཡིད་རྟོན་ཉོ་ཚོང་བྱེད་སྒོའི་དངོས་ཡོད་ཀྱི་ཟིན་ཐོ་ཞིག་ཡིན་ཞིང་། དེའི་ནང་དུས་ཐོག་དངུལ་བུན་འཇལ་བ་དང་གན་རྒྱའི་ཁ་ཆད་ལག་བསྟར་བྱེད་པ་སོགས་དྲང་ཕྱོགས་ཀྱི་ཆ་འཕྲིན་ཚུད་ཡོད་ལ། དངུལ་བུན་དུས་བཀག་ལས་ཡོལ་བ་དང་། གན་རྒྱའི་ཁ་ཆད་ལས་འགལ་བ། སྲིད་འཛིན་ཆད་གཅོད་སོགས་ཀྱི་ཚུལ་མིན་ཆ་འཕྲིན་ཡང་ཚུད་ཡོད། 《ཡིད་རྟོན་ལས་རིགས་དོ་དམ་སྲོལ་ཡིག》ནང་ཡིད་རྟོན་སྒྲིག་གཞིས་མི་སྒེར་གྱི་ཚུལ་མིན་ཆ་འཕྲིན་ཉར་ཚགས་བྱེད་པའི་དུས་བཀག་ནི་ཚུལ་མིན་བྱེད་སྤྱོད་དམ་ཡང་ན་དོན་རྐྱེན་མཇུག་འགྲིལ་བའི་ཉིན་ནས་ལོ་5ཡིན་པ་དང་། ལོ་5ལས་བརྒལ་ན་ཐོ་ཁུངས་ནས་བསུབ་དགོས།

    དྲི་བ། ཚུལ་མིན་ཡིད་རྟོན་ཟིན་ཐོ་མི་ཐོན་པ་ཇི་ལྟར་བྱེད་དགོས་སམ།

    དྲིས་ལན། གཅིག་ནི་ལུགས་མཐུན་གྱི་དངུལ་བུན་གཏོང་ལེན་བྱེད་དགོས། མི་སྒེར་དང་ཁེ་ལས་ཀྱིས་ཡིད་རྟོན་དངུལ་བུན་གྱི་ལས་སྒོ་རེ་ཞུ་བྱེད་སྐབས་རང་ཉིད་ཀྱི་ཡོང་འབབ་དང་བུ་ལོན་སོགས་ཕྱོགས་ཡོངས་ལ་བསམ་བློ་བཏང་སྟེ་ནུས་པར་གཞིགས་ནས། ལུགས་མཐུན་གྱིས་དངུལ་བུན་གཏོང་ལེན་བྱེད་པ་དང་རང་ཉིད་ཀྱི་ནུས་པ་ལས་བརྒལ་བའི་བུ་ལོན་མི་གཡར་བ། གཉིས་ནི་དུས་ཐོག་ཏུ་དངུལ་བུན་གྲངས་ཚང་འཇལ་དགོས་པ་དང་། གན་རྒྱའི་ཁ་ཆད་ལྟར་དངུལ་བུན་གྲངས་ཚང་འཇལ་ནས་དངུལ་བུན་འཇལ་བའི་དུས་ཚོད་ཡོལ་བ་དང་དངུལ་བུན་འཇལ་ཉུང་བའི་གནས་ཚུལ་ལས་ཚུལ་མིན་ཆ་འཕྲིན་མི་ཐོན་པ་བྱེད་དགོས། གསུམ་ནི་མི་སྒེར་གྱི་ལག་ཁྱེར་རམ་ཡང་ན་ཁེ་ལས་ཀྱི་ལག་ཁྱེར་སོགས་ཉར་ཚགས་དོ་ནན་བྱས་ནས་མི་གཞན་གྱིས་རྐུ་སྤྱོད་མི་ཡོང་བ་བྱེད་དགོས། ལས་སྒོ་གཉེར་སྐབས་དཔྱད་གཞིའི་ཡིག་རིགས་ཡང་དག་འབྲི་བ་དང་འབྲེལ་གཏུག་བྱེད་སྟངས་སོགས་ཆ་འཕྲིན་གལ་ཆེན་ལ་འགྱུར་ལྡོག་འབྱུང་སྐབས་དུས་ཐོག་ཏུ་དངུལ་རྩའི་སྒྲིག་གཞིར་འབྲེལ་བ་བྱས་ནས་བརྗེ་དགོས།

    “ཡིད་རྟོན་སླར་གསོའི”རིགས་ཀྱི་བརྡ་ཁྱབ་ལ་ཡིད་ཆེས་བྱེད་མི་རུང་།

    དྲི་བ། མི་སྒེར་དང་ཁེ་ལས་ཀྱི་ཡིད་རྟོན་སྙན་ཞུ་འདྲི་རྩད་ཇི་ལྟར་བྱེད་དགོས་སམ།

    དྲིས་ལན། 《ཡིད་རྟོན་ལས་རིགས་དོ་དམ་སྲོལ་ཡིག》ནང་གཏན་འབེབས་བྱས་དོན། མི་སྒེར་གྱིས་ལོ་རེར་ཡིད་རྟོན་སྒྲིག་གཞི་ནས་རང་ཉིད་ཀྱི་ཡིད་རྟོན་སྙན་ཞུ་རིན་པ་མི་དགོས་པར་ཐེངས་གཉིས་བཏོན་ཆོག་གི་ཡོད།

    མི་དམངས་དངུལ་ཁང་ཡིད་རྟོན་ལྟེ་གནས་ཀྱི་འདྲི་རྩད་ཐབས་ལམ་གྲས་སུ། གཅིག་ནས་མི་དམངས་དངུལ་ཁང་ཡིད་རྟོན་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས་དང་། མི་དམངས་དངུལ་ཁང་ཡིད་རྟོན་ལྟེ་གནས་དང་མཉམ་ལས་བྱས་པའི་ཚོང་ལས་དངུལ་ཁང་གི་དྲ་ཐོག་དངུལ་ཁང་གི་ཐབས་ལམ(དྲ་ཐོག་དངུལ་ཁང་དང་ལག་ཐོགས་ཁ་པར་དངུལ་ཁང)དངུལ་ཁང་མཉམ་འབྲེལ་གྱི་སྤྲིན་རྩིས་མྱུར་སྤྲོད་སོགས་དྲ་ཐོག་ཐབས་ལམ་བརྒྱུད་ཡིད་རྟོན་སྙན་ཞུ་ལེན་ཆོག་པ་དང་། གཉིས་ནས་མི་དམངས་དངུལ་ཁང་ཡིད་རྟོན་སྙན་ཞུ་ལྟེ་གནས་ཀྱིས་བཙུགས་པའི་ཡིད་རྟོན་ཞབས་ཞུའི་སྐར་ཁུང་དང་། སྒྲིག་སྦྱོར་བྱས་པའི་ཡིད་རྟོན་སྙན་ཞུ་རང་འདེམས་འདྲི་རྩད་འཕྲུལ་འཁོར། འདྲི་རྩད་དབང་ཚད་ཡོད་པའི་ཚོང་ལས་དངུལ་ཁང་གི་རིག་ནུས་དངུལ་འཁོར་སོགས་དྲ་ཐོག་ཐབས་ལམ་ནས་ཡིད་རྟོན་སྙན་ཞུ་འདྲི་རྩད་བྱེད་ཆོག་གི་ཡོད།

    ཁྲོམ་ར་ཅན་གྱི་ཡིད་རྟོན་སྒྲིག་གཞིས་གཙོ་བོ་ཀུང་སིའི་སྐད་འཕྲིན་སྤྱི་རྟགས་སམ་ཡང་ན་APPདང་། གཞུང་ཕྱོགས་དྲ་ཚིགས་ཀྱི་ཡིག་སྒམ། ས་གནས་ས་ཐོག་ཏུ་འདྲི་རྩད་སོགས་ཀྱི་བྱ་ཐབས་བརྒྱུད་ཆ་འཕྲིན་མཁོ་མཁན་ལ་འདྲི་རྩད་ཞབས་འདེགས་ཞུ་གི་ཡོད།

    དྲི་བ། མི་སྒེར་དང་ཁེ་ལས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཡིད་རྟོན་ཁེ་དབང་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་སམ།

    དྲིས་ལན། མི་སྒེར་དང་ཁེ་ལས་ཀྱིས་ཐབས་ལམ་གསུམ་བརྒྱུད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཡིད་རྟོན་ཁེ་དབང་སྲུང་སྐྱོང་བྱེད་ཆོག་པ་སྟེ། གཅིག་ནས་དངུལ་རྩའི་སྒྲིག་གཞིའམ་ཡང་ན་ཡིད་རྟོན་སྒྲིག་གཞིར་ཡིད་རྟོན་ལ་བསམ་འཆར་འདོན་ཆོག་པ་དང་། གཉིས་ནས་མི་དམངས་དངུལ་ཁང་གི་ཡན་ལག་སྒྲིག་གཞིར་ཡིད་རྟོན་ཞུ་གཏུག་རྒྱག་ཆོག་པ། གསུམ་ནས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་ཆོག་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།