སེར་པི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ།
སེར་པི་ཡའི་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་དབྱི་ ཀྲང་གཞོན་པ་མ་ལི་ནཱ·ལ་ཀུའུ་ཧྲེན་ལ་བཅར་འདྲི་ཞུས་པ།
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་8སོང་རྗེས་སླར་ཡང་སེར་པི་ཡར་རྒྱལ་དོན་འཚམས་འདྲི་གནང་ནས་སེར་པི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་གནང་ཡོད”སེར་པི་ཡའི་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་དབྱི་ཀྲང་གཞོན་པ་མ་ལི་ནཱ·ལ་ཀུའུ་ཧྲེན་གྱིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། སེར་ཀྲུང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་དབར་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་ནས། རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་བཏོད་ཡོད་ཅེས་བརྗོད།
ལ་ཀུའུ་ཧྲེན་དེ་སྔ་སེར་པི་ཡའི་གྲོས་ཚོགས་ཀྱི་སེར་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞིའི་འགན་འཁུར་སྐབས་ཀྲུང་གོར་འཚམས་འདྲི་གནང་མྱོང་བས། ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྷག་པར་དུ་མཐོ་གསར་ལག་རྩལ་ཁེ་ལས་མང་པོ་ཞིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བག་ཆགས་ཟབ་མོ་བྱུང་ཡོད། “ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ས་ཁོངས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དེ་ཐོག་ནས་དམངས་གཙོའི་ངོ་བོ་ངོ་མ་མཚོན་ཡོད” ལ་ཀུའུ་ཧྲེན་གྱིས་ཀྲུང་གོས་ནུབ་ཕྱོགས་དང་མི་འདྲ་བའི་དེང་རབས་ཅན་གྱི་འགྲོ་ལམ་ཞིག་གི་ཐོག་བསྐྱོད་པ་དེར་འཛམ་གླིང་རྒྱལ་ཁབ་གཞན་དག་གིས་དཔྱད་གཞིར་འཛིན་རིན་ཡོད། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་ཐད་སྤེལ་རེས་དེ་བས་གཏིང་ཟབ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
ལ་ཀུའུ་ཧྲེན་ཧང་ག་རི་དང་སེར་པི་ཡའི་ལྕགས་ལམ་གྱི་སེར་པི་ཡ་དུམ་བུ་སྐྲུན་ཡུལ་དང་དེ་བཞིན་སེར་པི་ཡར་ཡོད་པའི་ཀྲུང་གོའི་ཁེ་ལས་སུ་ལྟ་སྐོར་བྱེད་མྱོང་ཡོད། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་རྒྱལ་སྤྱིའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྐུལ་འདེད་འོག སེར་པི་ཡ་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། “ཧང་སེར་ལྕགས་ལམ་སྐྲུན་ཡུལ་དུ་རྒྱལ་ཁབ་གཉིས་པོའི་ཚོགས་པས་མྱུར་ཚད་ཡོད་ལ་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་ལས་འགན་སྒྲུབ་བཞིན་ཡོད་པ་མཐོང་བྱུང་། སེར་ཀྲུང་མཉམ་ལས་རྣམ་གྲངས་ལ་མཉམ་འབྲེལ་མཉམ་མཐུད་དང་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བརྗོད།
ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ཀྲུང་སེར་རང་མོས་ཚོང་དོན་གྲོས་མཐུན་འདི་ལོའི་ཟླ་7ཚེས་1ཉིན་ནས་དངོས་སུ་ནུས་པ་ཐོན་རྒྱུ་ཡིན་པ་དང་ལ་ཀུའུ་ཧྲེན་གྱིས“སེར་པི་ཡའི་ཞིང་ལས་ཐོན་རྫས་རྒྱ་ཆེ་བའི་ཀྲུང་གོའི་ཁྲོམ་རར་ཞུགས་ཉེར་ཡོད་པ་དང་མདུན་ལམ་ཡག་པོ་དེ་རིགས་ལ་མི་རྣམས་དགའ་འོས་པ་ཞིག་ཡོང་རྒྱུའི”རེ་སྒྲུག་བྱེད་ཅིང་། ཁོང་གིས་རང་མོས་ཚོང་དོན་གྲོས་མཐུན་གྱི་སྐུལ་འདེད་འོག རྒྱལ་ཁབ་གཉིས་པོས་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།