དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ ངོ་སྤྲོད་ཚོགས་འདུ་ནོར་ཝེར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-22

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨོ་སི་ལོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་འཚོགས་ཤིང་། ཚོགས་ཞུགས་མི་སྣ་མང་པོས་ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུང་གོའི་ཁྲོམ་རར་ཞུགས་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས་ནོར་ཝེའི་ཁེ་ལས་ཀྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཧུར་ཐག་ཞུགས་དགོས་ཞེས་བརྗོད་པ་རེད།

    ནོར་ཝེའི་གསར་གཏོད་ཧྲུའུ་ཡི་ཨེ་ཤེ་ཡ་དབུས་ཤར་ས་ཁུལ་སིའི་སི་ཀྲང་ཨའོ་ལེ·ཧོ་ནེ་སིས། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ནོར་ཝེའི་ཁེ་ལས་ལ་ཀྲུང་གོར་ཐོན་རྫས་དང་ལག་རྩལ་གསར་ཤོས་འགྲེམས་སྟོན་དང་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ཡག་ཤོས་ཤིག་མཁོ་འདོན་བྱས་ཡོད། ནོར་ཝེའི་གསར་གཏོད་ཧྲུའུ་དེ་ཕྱི་ཕྱོགས་སུ་བཅའ་སྡོད་བྱེད་པའི་གཞུང་ཕྱོགས་ནོར་ཝེའི་སྲིད་གཞུང་གི་ཚོང་དོན་འཐུས་མི་ཡིན་པའི་ངོས་ནས་ནོར་ཝེའི་ཁེ་ལས་ཀྱིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་སྤྱད་དེ་ཁྱབ་གདལ་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་མ་ཟད། འབྲེལ་ཡོད་ཁེ་ལས་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ནོར་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོའུ་གཡོད་ཀྱིས། 2023ལོར་ཀྲུང་གོ་དང་ནོར་ཝེ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་143ཟིན་ནས་ཀྲུང་གོ་འདི་ཉིད་ནོར་ཝེའི་ཨེ་ཤེ་ཡར་ཡོད་པའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་མུ་མཐུད་གྱུར་ཡོད། འདི་ལོ་ནི་ཀྲུང་གོ་དང་ནོར་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པས། ནོར་ཝེའི་ཁེ་ལས་དེ་བས་མང་བས་ནང་འདྲེན་དངོས་མང་སྟོན་ཚོགས་གོ་སྐབས་སུ་བྱས་ནས། ཀྲུང་གོའི་འཛད་སྤྱོད་པར་ནོར་ཝེའི་སྤུས་ཚད་མཐོ་བའི་ཐོན་རྫས་དང་ཞབས་ཞུ་འགྲེམས་སྟོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་གྱི་ཚོང་དོན་དང་། མ་འཇོག མི་ཆོས་རིག་གནས་སྤེལ་རེས་བཅས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།