ཅང་ཤིས་ཀྱིས་ནུས་ཤུགས་ཡོད་རྒུས་སྲོལ་རྒྱུན་ཐོན་ལས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2023ལོའི་ཟླ་10པར་ཅང་ཤིས་སུ་རྟོག་ཞིབ་གནང་སྐབས“ངེས་གནས་ཡང་དག་འཚོལ་བ་དང་ཁ་ཕྱོགས་གསལ་པོ་བཟོ་བ། ཐོན་ཁུངས་བསྡུ་སྒྲིལ་དང་གནད་སྨིན་ཤུགས་འདོན་བྱས་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་མགྱོགས་སུ་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་བཀོད་སྒྲིག་ཧུར་ཐག་བཅས་བྱས་ཏེ་ཅང་ཤིས་ཀྱི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གཏོད་དགོས”ཞེས་གསུངས་པ་རེད། འདི་ལོའི་ཟླ་བ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དབུས་རྒྱུད་ས་ཁུལ་དར་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས“བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གལ་ཆེན་སྒྱུར་བཀོད་རིམ་སྤོར་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། སྲོལ་རྒྱུན་ཐོན་ལས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་དུ་འཇུག་དགོས”ཞེས་ནན་བཤད་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཅང་ཤིས་ཀྱིས་སྲོལ་རྒྱུན་ཐོན་ལས་ཀྱི་རིགས་མང་བ་དང་། འབོར་ཚད་ཆེ་བ། བཟོ་ལས་ཀྱིས་བཟུང་བའི་བསྡུར་ཚད་བཅུ་ཆ་དྲུག་ལས་བརྒལ་བ་བཅས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ཏེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་སྲོལ་རྒྱུན་ཐོན་ལས་ཀྱི་སྐྱེ་སྟོབས་གསར་པ་འཕེལ་བར་བྱས་ཡོད།
གསར་གཏོད་ཀྱིས་ཁྲིད་སྟོན་དང་ཐོན་ལས་རིམ་སྤོར་བྱས་པ།
ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་སོགས་ཚན་རིག་ཞིབ་འཇུག་གསར་གཏོད་ལས་སྟེགས་ཁག་49ནང་འདྲེན་བྱས་ཤིང་། རིམ་རྩིས་བརྒྱབ་ན་ཁེ་ལས་ཀྱིས་གསར་གཏོད་ལ་མ་དངུལ་སྒོར་དུང་ཕྱུར་10ལྷག་ཙམ་གཏོང་བར་སྐུལ་འདེད་བཏང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཞིབ་འཇུག་གསར་གཏོད་ལ་མ་དངུལ་གཏོང་ཚད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་གཏོད་ལ་མ་དངུལ་བཏང་བའི་བསྡུར་ཚད་ཀྱི་96%བཟུང་བ། རྒྱལ་ཁབ་རིམ་པའི་ཟངས་རིགས་གཞི་རྩར་བྱེད་པའི་རྒྱུ་ཆ་གསར་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོམ་བུ་གཏོད་པ་ལ་སོགས། དབྱིན་ཐན་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ནུས་པ་གསར་པ་སྦྱིན་པ་བརྒྱུད། ཟངས་རིགས་ལས་སྣོན་ཐོན་ལས་དེ་ལས་སྣོན་རགས་ཙམ་བྱེད་པ་ནས་ལས་སྣོན་ཞིབ་ཚགས་བར་དང་རྩེར་སོན་རྒྱུ་ཆའི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཡོད། 2023ལོར་དབྱིན་ཐན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་ཟངས་རིགས་བཟོ་ལས་ཁེ་ལས་ལ་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་4006.6ཟིན་པ་དེ་2018ལོ་དང་བསྡུར་ན་ཚོང་གཉེར་ཡོང་འབབ་ལོ་རེར་ཆ་སྙོམས་20.34%འཕར་བ་དང་ཁེ་སྤོགས་ལོ་རེར་ཆ་སྙོམས་21.26%འཕར་ཡོད།
“ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱས་ཏེ་ཅང་ཤིས་ཀྱིས་ཚན་རྩལ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་ཁག་24བཙུགས་པ་དང་སྒྲིག་ཆས་གལ་ཆེན་སོགས་བཟོ་སྐྲུན་ལས་རིགས་ཀྱི་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས‘དཀར་ཆག་ཁྲིད་སྟོན་དང་ཁས་ལེན་གཙོ་འགན’བྱེད་སྟངས་སྤྱད་དེ་ཐོན་ལས་ཀྱི་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་ཁག་27སྒྲིག་འཛུགས་ལག་བསྟར་བྱས་ཡོད”ཅེས་ཅང་ཤིས་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་སུང་ཏེ་ཞུང་གིས་བཤད།
གྲངས་འཛིན་ནུས་སྐྱེད་དང་རིག་ལྡན་ཐོན་སྐྱེད།
ནན་ཁང་ཆུས་ཀྱི་སྒོར་དུང་ཕྱུར་སྟོང་རིམ་པའི་ཁྱིམ་ཆས་ཐོན་ལས་ཀྱིས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྱིམ་ཆས་ཐོན་ལས་ཀྱི་རིག་ནུས་དྲ་སྦྲེལ་དང་རིག་ནུས་རྒྱུ་ཆ་གྲ་སྒྲིག་ལྟེ་གནས་སོགས“དྲ་རྒྱ་གཅིག་དང་ལྟེ་གནས་ལྔ”བསྐྲུན་ནས་སྦྲེལ་མཐུད་བྱས་ཏེ་གྲངས་འཛིན་འཁོར་ཁང་200ལྷག་ཙམ་བསྐྲུན་ཡོད་པ་རེད།
ཅང་ཤིས་ཀྱིས་ཁེ་ལས་ཁྲི་1.7ལ“ཁེ་ལས་གཅིག་ལ་ཡིག་ཚགས་གཅིག”གི་གྲངས་འཛིན་ཅན་གྱི་ཡིག་ཚགས་བཟོས་པ་དང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་འདེགས་སྐྱོར་ཞབས་ཞུ་ལེགས་སུ་བཏང་སྟེ། གྲངས་འཛིན་ཆེད་མི་1097སྒྲིག་འཛུགས་བྱས་ནས་ཁེ་ལས་ལ་ཞབས་འདེགས་ཐེངས་ཁྲི་4ལྷག་ཙམ་ཞུས་པར་བཟོ་ལས་ཁེ་ལས་ལ་ཁྱབ་པའི་ཞབས་ཞུའི་མ་ལག་ཅིག་གྲུབ་ཡོད།
ལྗང་མདོག་ཕྱོགས་སྒྱུར་དང་བཙོག་འབུད་ཉུང་གཏོང་གི་ཕན་འབྲས་ཆེ་རུ་བཏང་བ།
ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཅིའུ་ཅང་ཡན་ལག་ཀུང་སི་ནི་འབྲི་ཆུའི་འགྲམ་དང་ཕན་དབྱང་མཚེའུ་ཡི་ངོགས་སུ་གནས་ཡོད། ཀུང་སིའི་ཐོན་སྐྱེད་དོ་དམ་ཚོད་འཛིན་ལྟེ་གནས་ཀྱི་ཚོད་འཛིན་ཚོམས་ཆེན་དུ་སྐྱོད་སྐབས་ཁོར་ཡུག་དྲ་ཐོག་ལྟ་ཞིབ་ཚད་ལེན་གྱི་འཆར་ཤེལ་ཐོག་སྦགས་བཙོག་དངོས་པོ་སྣ་ཚོགས་ཕྱིར་འབུད་བྱེད་པའི་གྲངས་ཐང་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞི་ལས་ལེགས་པ་ཡོད་པ་རེད། “ཐོན་ནུས་ཇེ་ཆེར་འགྲོ་བཞིན་ཡོད་མོད། འོན་ཀྱང་སྐྱེ་ཁམས་དམིགས་ཚད་ཁག་ཇེ་ལེགས་སུ་འགྲོ་བཞིན་ཡོད། ལོ་10ཡི་གོང་དང་བསྡུར་ན་ང་ཚོའི་མ་བཅོས་རྡོ་སྣུམ་ལས་སྣོན་གྱི་སྤྱི་འབོར་50%ཡན་འཕར་བ་དང་སྦགས་བཙོག་དངོས་པོའི་སྤྱི་འབོར་70%ཡན་ཉུང་དུ་སོང་ཡོད”ཅེས་ཀུང་སིའི་ཁོར་ཡུག་སྲུང་སྐྱོང་དོ་དམ་གྱི་མཐོ་རིམ་རིགས་གཅིག་མཁས་ཅན་ཐང་ཨན་ཀྲུང་གིས་ངོ་སྤྲོད་བྱས།
ཅང་ཤིས་ཀྱིས་ལྗང་མདོག་བཟོ་སྐྲུན་མ་ལག་མགྱོགས་མྱུར་བཙུགས་ནས་ལྗང་མདོག་བཟོ་གྲྭ་དང་ལྗང་མདོག་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལྗང་མདོག་ཐོན་རྫས་དང་ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་གྱི་ཁེ་ལས་སྐྱེད་སྲིང་བྱས་ཡོད། དུས་མཚུངས་སུ་གཙོ་གནད་ནུས་ཟད་ཆེ་བའི་ཁེ་ལས་ཀྱི་ནུས་རྒྱུ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་ཀྱིས་རང་འགུལ་ངང་ནུས་རྒྱུ་གྲོན་ཆུང་ལག་རྩལ་སྒྱུར་བཀོད་བྱེད་པར་སྐུལ་འདེད་དང་སྣེ་ཁྲིད་བྱས་ཏེ་སྲོལ་རྒྱུན་ཐོན་ལས་ཀྱི་ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ཅང་ཤིས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཚན་པའི་བཟོ་ལས་འཕར་ཐང་གི་ནུས་རྒྱུ་ཟད་གྲོན་རིམ་རྩིས་བྱས་ན་9.5%ཆག་ཡོད” ཅང་ཤིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་དབྱིན་ཅུང་གིས་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ལྗང་མདོག་བཟོ་གྲྭ་346དང་། ལྗང་མདོག་གླིང་55 ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཁེ་ལས་9བཅས་བཙུགས་ཡོད་ཅེས་བཤད།