དུས་ཚིགས་དང་པོར་ལྗང་མདོག་དངུལ་བུན་རྒྱུན་མཐུད་མགྱོགས་མྱུར་འཕར་བ།
དུས་ཚིགས་ཀྱི་འཕར་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་ལྗང་མདོག་དངུལ་བུན་རྒྱུན་མཐུད་མགྱོགས་མྱུར་འཕར་ཞིང་། དུས་ཚིགས་དང་པོའི་དུས་མཇུག་བར་རང་རྒྱལ་གྱི་དངུལ་དང་ཕྱི་རྒྱལ་གྱི་དངུལ་གྱི་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་33.77ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་35.1%འཕར་ནས་དངུལ་བུན་ཁག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་25.9མཐོ་བ་དང་། དུས་ཚིགས་དང་པོར་སྒོར་དུང་ཕྱུར་ཁྲི་3.7འཕར་ནས་དུས་ཚིགས་ཀྱི་འཕར་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེའི་ནང་ཐད་ཀར་དང་གཞན་བརྒྱུད་ཀྱི་ཐཱན་འབུད་ཚད་ཉུང་གཏོང་གི་ཕན་འབྲས་ལྡན་པའི་རྣམ་གྲངས་ལ་བཏང་བའི་དངུལ་བུན་སྒོར་དུང་ཕྱུར་ཁྲི་11.21དང་སྒོར་དུང་ཕྱུར་ཁྲི་11.34སོ་སོར་ཟིན་པ་དེས་བསྡོམས་རྩིས་བྱས་ན་ལྗང་མདོག་དངུལ་བུན་གྱི་66.8%བཟུང་ཡོད།
སྤྱོད་སྒོ་དབྱེ་ནས་བལྟས་ན། རྨང་གཞིའི་སྒྲིག་བཀོད་ཀྱི་ལྗང་མདོག་རིམ་སྤོར་ཐོན་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་ཐོན་ལས་བཅས་ཀྱི་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་14.57དང་། སྒོར་དུང་ཕྱུར་ཁྲི་8.72 སྒོར་དུང་ཕྱུར་ཁྲི་4.79བཅས་སོ་སོར་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་31.4%དང་། 39.4% 34.4%བཅས་སོ་སོར་འཕར་ཞིང་། དུས་ཚིགས་དང་པོར་སྒོར་དུང་ཕྱུར་ཁྲི་1.48དང་། སྒོར་དུང་ཕྱུར་8536 སྒོར་དུང་ཕྱུར་5757བཅས་སོ་སོར་འཕར་ཡོད།
ལས་རིགས་དབྱེ་ནས་བལྟས་ན། གློག་ཤུགས་དང་། ཚ་ཤུགས། སོལ་རླངས། ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་བཅས་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་7.89ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་31.3%འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་བཅས་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་5.62ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་16%འཕར་ཡོད།