དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྒྲོལ་ཡུལ་སྐོར་གྱི་གཙང་གླས་གནམ་གྲུ་ཐོག་མར་འཕུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-21

    ཉེ་ཆར། “ཧྲང་ཧའེ-ཀ་ཏ་མན་རྡུ-གཞིས་རྩེ”བཅས་དབར་གྱི་བོད་སྐྱོར་རྒྱལ་སྒྲོལ་ཡུལ་སྐོར་གྱི་གཙང་གླས་གནམ་གྲུ་དང་པོ་དེ་འཕུར་ཞིང་། ཧྲང་ཧའེ་ཡི་ཡུལ་སྐོར་བ་105གཙང་གླས་གནམ་གྲུ་ཐོག་མ་དེར་བསྡད་དེ་ཉིན་12དང་མཚན་11གི་རྒྱལ་སྒྲོལ་ཡུལ་སྐོར་བྱེད་འགོ་ཚུགས་ཡོད།

    མིག་སྔར་ཁྲོམ་རའི་ཐོག་ཁྱད་ཆོས་ལྡན་ཤོས་ཀྱི་ཀྲུང་ནེ་རྒྱལ་སྒྲོལ་གྱི་ལམ་ཐིག་རིང་བའི་ཡུལ་སྐོར་ཐོན་རྫས་ཡིན་པའི་ངོས་ནས། ཡུལ་སྐོར་བ་ཚོས་གཙང་གླས་གནམ་གྲུར་བསྡད་དེ་ཧྲང་ཧའེ་ཕུའུ་ཏུང་གནམ་ཐང་ནས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་ཐད་ཀར་འཕུར་རྒྱུ་དང་། དེ་ནས་རླངས་འཁོར་བསྡད་དེ་གཞིས་རྩེའི་སྐྱིད་གྲོང་འགག་སྒོ་བརྒྱུད་རྒྱལ་མཚམས་ནང་འཛུལ་རྒྱུ་ཡིན་ཞིང་། འགྲོ་སྐྱོད་ལམ་ཐིག་ནང་ཀྲུང་ནེ་མཐའ་མཚམས་ཀྱི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་གལ་ཆེན(ནེ་པ་ལའི་ལམ་ཐིག་ཁྲོད་ཆི་ཐེ་ཝང་དང་། པན་ཏི་པུར། པོ་ཁཱ་ལཱ་སོགས་ཚུད་ཡོད་པ་དང་། རྒྱལ་ནང་གི་ལམ་ཐིག་ཁྲོད་སྐྱིད་གྲོང་དང་། དིང་རི། ས་སྐྱ། བསམ་གྲུབ་རྩེ། རྒྱལ་རྩེ་སོགས་ཚུད་ཡོད)ཚུད་པ་དང་། ལམ་ཐིག་ཧྲིལ་པོར་ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུ་དང་སྨན་བཅོས་འགན་ལེན་བཀོད་སྒྲིག་བྱས་ཡོད། གཙང་གླས་གནམ་གྲུས་ཀྲུང་ནེ་མཐའ་མཚམས་ཀྱི་གནམ་གཤིས་གནས་ཚུལ་ལ་གཞིགས་ནས་ཟླ་རེར་ཐེངས་1ནས་2འཕུར་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས“ཧྲང་ཧའེ-ཀ་ཏ་མན་རྡུ-གཞིས་རྩེ“བཅས་དབར་གྱི་བོད་སྐྱོར་རྒྱལ་སྒྲོལ་ཡུལ་སྐོར་གཙང་གླས་གནམ་གྲུ་བཀོད་སྒྲིག་བྱས་པ་དེ་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གིས་མཐའ་མཚམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། དེས“གཞིས་རྩེ་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་པའི”དམིགས་ཚད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ལམ་ཐིག་རྒྱུན་འཁོར་ཡོང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།