དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲིའི་ཁྲལ་དོན་སྡེ་ཚན་གྱིས་ཞབས་ཞུའི་བྱ་ཐབས་རྒྱུན་མཐུད་ལེགས་སུ་བཏང་ནས་ཁེ་ལས་ལ་རམ་འདེགས་བྱེད་པ།

    ​གསར་གཏོད་ལ་སྒུལ་ཤུགས་བསྣན། ལྗང་མདོག་གི་འཕེལ་རྒྱས་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-21

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་མ་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་ནི་མ་གཞི་ནས་ལྗང་མདོག་གི་ཐོན་སྐྱེད་ནུས་ཤུགས་ཤིག་རེད”ཅེས་གསུངས་ཡོད། ད་ལོ་ཚུན་དུ། ཉིང་ཁྲིའི་ཁྲལ་དོན་སྡེ་ཚན་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་དང་ལྗང་མདོག་ཐོན་སྐྱེད་ནུས་ཤུགས་དབར་གྱི་ནང་གནས་འབྲེལ་བ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་ཏེ་ཁེ་ལས་ཀྱི་སྐྱེ་ཁམས་དང་། ཁྱད་ཆོས། གསར་གཏོད་འཕེལ་རྒྱས་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་ནུས་ཤུགས་སྤྲད་དེ་ས་གནས་ཀྱིས“ལྗང་མདོག”འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱ་ཆེད་ཁྲལ་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་པ་རེད།

    རྣམ་གྲངས་ལག་ལེན་བསྟར་ནས་མཆོང་སྐྱོད་གསར་པ་བྱས་པ།

    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཤང་གི་གྲོང་མིའི་སྡོད་ཁང་གི་ཐོག་ཁར་འོད་ཤུགས་ཤེལ་ལེབ་སྔོ་ནག་ཡུག་གཅིག་ཏུ་བསྒྲིགས་ཡོད་པས་ཉི་འོད་འོག་འོད་མདངས་འཚེར་བཞིན་ཡོད་པ་དང་འོད་ཤུགས་ལྷུ་ལག་ནས་ཉི་ནུས་གློག་ཆད་མེད་གཏོང་བཞིན་ཡོད་པ་རེད།

    དེ་ནི་ཀྲུང་གོ་ཀོང་ཉིང་ནུས་རྒྱུ་གསར་པའི་མ་འཇོག(ཧྲེན་ཀྲེན)ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིས་གསར་སྤེལ་བྱས་ནས་ཐོག་ཁར་བསྒྲིགས་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཤིག་རེད། རྣམ་གྲངས་ཀྱི་ས་བཟུང་རྒྱ་ཁྱོན་མུའུ་687ཟིན་ཞིང་། བསྐྲུན་ཟིན་རྗེས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་5300ཟིན་ནས་ཉིང་ཁྲི་གྲོང་ཁྱེར་ལ་འོད་ཤུགས་ཐོན་ལས་མེད་པའི་སྟོང་ཆ་སྐོང་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།

    ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྣམ་གྲངས་ལས་འགོ་ཚུགས་ཚུན་ཉིང་ཁྲིའི་ཁྲལ་དོན་སྡེ་ཚན་གྱིས་རང་འགུལ་ངང་ཞབས་འདེགས་སྔོན་ལ་ཞུ་བ་དང་གནད་ལ་འཁེལ་བའི་སྒོ་ནས་ནུས་པ་བཏོན་ཏེ་འོད་ཤུགས་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཁེ་ལས་ཀྱིས་ལོངས་སུ་སྤྱོད་ཆོག་པའི་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པ་དང་། ལས་སྒོའི་རྐང་འཛིན་པ་བདམས་ནས་སྒོ་རྩར་ཟུར་ཁྲིད་བྱེད་པ་དང་འབྲེལ་ཁེ་ལས་ལ་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ་ཁེ་ལས་ཀྱིས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་ཕྱོགས་ཐད་ཀྱི་འབྲེལ་ཡོད་ཁྲལ་གྲོན་སྲིད་ཇུས་ཡག་པོ་དང་གང་འགབ་སྤྱོད་རྒྱུར་རོགས་རམ་བྱས་པ་རེད།

    དྲ་ཕྱིར“སྲིད་ཇུས་ཀྱིས་མི་འཚོལ་བ”དང“སྒོ་རྩར་ཞབས་འདེགས་ཞུ་བ”ལག་ལེན་བསྟར་བ་ཕུད། ཉིང་ཁྲིའི་ཁྲལ་དོན་སྡེ་ཚན་གྱིས་ད་དུང་ཁེ་ལས་ལ་ཁྲལ་དོན་ཞབས་ཞུའི་འབྲེལ་གཏུག་གཱ་སྤྲད་པ་དང་། “ཁྲལ་གྲོན་ཞབས་ཞུའི་ཚོགས་པ་དང་འཇལ་བསྡུའི་མཉམ་འགུལ་ལས་སྟེགས་དང་རྒྱང་ཁྲིད་ཚབ་གཉེར་རོགས་གཉེར་ཟུང་འབྲེལ”བཅས་ཕྱོགས་གསུམ་གཞི་གཅིག་གི་དྲ་ཐོག་ཞབས་ཞུའི་ལམ་སྲོལ་བཙུགས་ཏེ་རྒྱང་ཁྲིད་ལ་བརྟེན་ནས་ཟུར་ཁྲིད་དོགས་སེལ་དང་ཁྲལ་དོན་ཉེན་ཁར་དུས་ཐོག་ཏུ་དྲན་སྐུལ་བྱས་པ་དང་། གྲངས་གཞི་བཀོལ་སྤྱོད་མང་ཙམ་དང་ཁྲལ་འཇལ་མཁན་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་ཐུབ་པ་བྱས་ཏེ་ནུས་རྒྱུ་གསར་པའི་ཐོན་ལས་བརྟན་པོའི་ངང་ལག་ལེན་བསྟར་བ་དང་ལྗང་མདོག་འཕེལ་རྒྱས་གཏོང་བར་ཁྲལ་དོན་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་རེད།

    ལག་རྩལ་རིམ་སྤོར་གྱིས་གོ་སྐབས་གསར་པ་བཏོད་པ།

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་རི་གྲོང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས། སྔོ་ཚལ་སྔོ་སིལ་སིལ་དུ་སྐྱེས་ཡོད་པ་དང་འབྲས་ཤིང་སྟར་པ་རེ་རེར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། སྔོན་ཐོན་གྱི་ཆུ་འདྲེན་མ་ལག་དང་། རིག་ནུས་ཅན་གྱི་དོ་དམ་སྒྲིག་ཆས། རང་འགུལ་ཅན་གྱི་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་བཅས་ལས་ཞིང་ལས་ཚན་རྩལ་གྱི་ཉམས་སྣང་ཡོངས་སུ་ཚོར།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེས་ལག་རྩལ་གསར་སྒྱུར་བྱེད་པ་དང་དུས་མཚུངས་འདྲེན་འཚོང་རྣམ་གྲངས་ཀྱི་འཐེན་འཕྲི་དང་ཞིང་ལས་ཐོན་རྫས་ཕྱིར་འཚོང་གི་ཁྲལ་འཇལ་འདུན་ཞུ་སོགས་ཀྱི་གནད་དོན་ཡང་འཕྲད་ཡོད་པ་རེད། ཉིང་ཁྲིའི་ཁྲལ་དོན་སྡེ་ཚན་གྱིས་དེང་རབས་ཞིང་ལས་མ་ལག་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ་ཁྲལ་བསྡུའི་འབྲེལ་གཏུགས་པ་དང་ཁྲལ་བསྡུའི་ལྟ་འདོམས་པའི་འགན་ནུས་གང་ལེགས་བཏོན་ནས་ངོ་ཐུག་གདོང་འཕྲད་ཀྱིས“ཐ་སྐྱོང་ཞབས་འདེགས”དོན་འཁྱོལ་ནུས་ལྡན་དང་། འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་དང་བཀོལ་སྤྱོད་དངོས་ཐད་ཆེད་ལས་རང་བཞིན་གྱི་གསོ་སྦྱོང་གསལ་འགྲེལ། ཁྲལ་འཇལ་མཁན་གྱིས་དོ་ཁུར་བྱེད་པའི་གནད་དོན་ལ་གོ་བདེ་ཤེས་སླའི་འགྲེལ་བཤད་བརྒྱབ་པ་བཅས་བྱས་པ་ལས“དགོས་མཁོ་བསྡུ་རུབ་དང་། འདུན་ཞུ་དང་ལེན། ཚུར་ལན་རྗེས་སྙེག”བཅས་ཀྱི་གདུབ་ཟུམ་དོ་དམ་ལམ་སྲོལ་ཞིག་ཆགས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད།

    “ཁྲལ་དོན་ལས་བྱེད་པས་ང་ཚོར་འདུན་ཞུའི་གོ་རིམ་གྱི་དཔེ་རིས་བཟོས་ནས་ཁྲལ་གྲོན་གཟིགས་སྐྱོང་གི་སྲིད་ཇུས་གསར་ཤོས་དང་འདྲེན་འཚོང་རྣམ་གྲངས་ཀྱི་འཐེན་འཕྲི་རྩིས་རྒྱག་སྟངས་སོགས་གསལ་བཤད་ཞིབ་ཕྲ་བརྒྱབ་པ་དང་ཆབས་ཅིག ལྟ་སྐུལ་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱས་ནས་ཁྲལ་དོན་དང་ཁེ་ལས་དབར་གྱི་འབྲེལ་གཏུག་ལས་སྟེགས་བསྐྲུན་པས་ཁྲལ་གྲོན་འཇལ་བདེ་ཞིང་མགྱོགས་པ་དང་། ཁེ་ལས་གཉེར་སྐྱོང་སྔར་བས་སྐྱོན་བྲལ་དང་ཚད་ལྡན་དུ་ཕྱིན་ནས་ཀུང་སིའི་དེང་རབས་ཞིང་ལས་ཐོན་ལས་ཅན་གྱི་ལམ་བུ་སྔར་བས་བརྟན་པ་དང་སྔར་བས་གདེང་སྤོབས་ལྡན་པར་གྱུར་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དེ་བས་མང་བ་ཐོབ་བྱུང”ཞེས་རི་གྲོང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཧྲི་ཧྲུའུ་ཨན་གྱིས་བཤད།

    ཐོན་ལས་རྒྱ་བསྐྱེད་ནས་འགྲན་ལམ་གསར་པ་བཏོད་པ།

    ས་མཐོར་ཞིང་ལས་འགྲན་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བའི་དེང་གི་དུས་འདིར། ཉིང་ཁྲི་ཞིང་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སིས་ཐབས་ལམ་གསར་པ་བཏོད་དེ“གྲང་ཆུའི་ཉ་དང་ཚན་རྩལ”དང་། “གྲང་ཆུའི་ཉ་དང་རྟེན་གཞི” “གྲང་ཆུའི་ཉ་དང་ཁྲོམ་ར་ཟུང་དུ་འབྲེལ་བའི”རྣམ་པ་གསར་གཏོད་བྱས་ཏེ་ས་མཐོའི་ཉ་ལས་དཔེ་སྟོན་གསོ་སྤེལ་རྟེན་གཞི་ཞིག་བཏོད་ནས་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་ཞིག་བཏོད་ཡོད། ཉིང་ཁྲིའི་ཁྲལ་དོན་སྡེ་ཚན་གྱིས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས“གྲངས་གཞི་ཆེན་པོ་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་སྤེལ་དང་ཁྲལ་དོན་དོ་དམ་པས་སྒྲོག་འགྲེལ་ཞིབ་ཚགས་དང་དྲ་མིག་ཅན་གྱི་ཟུར་ཁྲིད་ཞིབ་ཚགས་ཟུང་འབྲེལ”བཅས་ཀྱི་ཞབས་འདེགས་ཞུ་སྟངས་བརྒྱུད། དྲ་ཐོག་ནས་སྲིད་ཇུས་དྲིལ་བསྒྲགས་རྒྱུན་མཐུད་བྱེད་པ་དང་ཆབས་ཅིག་ཁེ་ལས་སུ་འདྲི་རྟོག་བརྟག་ཞིབ་གཏིང་ཟབ་བྱས་ནས“ཁེ་ལས་རེར་སྲིད་ཇུས་རེའི”གཏན་འཁེལ་རྣམ་པའི་ཞབས་ཞུའི་ཇུས་གཞི་བཟོས་ཏེ་ཁེ་ལས་གོང་འཕེལ་དར་རྒྱས་ཡོང་བར་རམ་འདེགས་ནུས་ལྡན་བྱས་པ་རེད།

    དེ་དང་འདྲ་བར་གཟིགས་སྐྱོང་གི་ཁེ་སྤོགས་ལོངས་སྤྱོད་ཐུབ་པའི་གྲས་སུ་ད་དུང་བོད་ལྗོངས་ཉང་ཆུའི་འབྱུང་ཁམས་ཉ་ལས་ཚད་ཡོད་ཀུང་སི་ཡོད་ཅིང་། ན་ནིང་ཀུང་སི་བཙུགས་པ་ནས་བཟུང་ཁྲལ་གྲོན་སྣ་ཚོགས་ཁྲི་110ལྷག་ཙམ་ཆག་ཡང་དང་རྩ་ཆག་བཏང་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འགན་འཁུར་བ་གཙོ་བོས། ཉིང་ཁྲིའི་ཁྲལ་དོན་སྡེ་ཚན་གྱིས་ས་མཐོའི་ཐོན་སྐྱེད་ནུས་ཤུགས་གསར་མ“ལྗང་མདོག”ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུ་བ་དང་རམ་འདེགས་བྱེད་རིང་བསམ་ཕྱོགས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་སྒྱུར་བཅོས་གསར་གཏོད་བྱས་ཏེ། དེ་བས་ནུས་ཤུགས་ལྡན་པའི་ཁྲལ་འབབ་ཀྱི་གཟིགས་སྐྱོང་དང་རྒྱབ་སྐྱོར་སྲིད་ཇུས་དང་། དེ་བཞིན་ཞིབ་ཚགས་པའི་ཞབས་ཞུར་བརྟེན་ནས་ཁེ་ལས་ལ་ནུས་ཤུགས་སྤྲོད་པ་དང་ཕན་འབྲས་ཆེ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།