བགྲང་བྱ་སུམ་ཅུ་བརྒལ་བའི་ས་མཐོ་ནས་བསྐུར་བའི་འཕྲིན་ཡིག་གཉིས།
ཀྲེ་ཅང་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཁྲེན་ཝེ་པིན་དང་ཧོང་ཞའོ་ཤིང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། དབན་ཅིང་།
འདི་ནི་ནག་ཆུ་གྲོང་ཁྱེར་བུ་བཅོལ་ཁང་ལྔ་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་གྲགས་དབང་འདུས་ཀྱིས་ཕྲུ་གུ་ཚོར་ནག་ཆུ་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང་གི་ལོ་རྒྱུས་ཤོད་བཞིན་པ།
རྩོམ་སྒྲིག་པའི་སྦྲགས་མཆན།
1995ལོར་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་ཅང་ཅུན་གྱི་རོགས་སྐྱོར་ཞུ་ཡིག་ལས་ཧང་ཀྲོའུ་མི་དམངས་ཀྱིས་ས་མཐོར་བཅངས་པའི་བརྩེ་བ་རབ་ཏུ་འཕེལ་ནས། ནག་ཆུ་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང་བསྐྲུན་རྒྱུར་ནུས་པ་ཐོན་ནས་མཐར་སློབ་ཆུང་དེ་བསྐྲུན་ཐུབ་ཡོད།
2024ལོར་ཟླ་གྲགས་དབང་འདུས་ཀྱིས་ནག་ཆུ་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང་གི་སློབ་མ་ཁག་དང་པོ་ཡིན་པའི་ངོས་ནས་སྐབས་དེ་དུས་ཀྱི“གཅེས་པར་འོས་པའི་ཨ་ཁུ”ཚོར་འཕྲིན་ཡིག་གཅིག་བསྐུར་ནས། ས་མཐོའི་བུ་ཕྲུག་གིས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད།
འཕྲིན་ཡིག་གཅིག་དང་ས་གནས་གཉིས་ཀྱི་བརྩེ་སེམས་ལས་བསྐྲུན་པའི་ནག་ཆུ་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང་ནས་ད་ལྟའི་ལྗོངས་ཕྱིའི་སློབ་ཆུང་དང་གཉིས་སུ་མ་མཆིས་པའི་ཤོ་མོང་ཤང་སློབ་ཆུང་བཅས་ནི་ལོ་30ཡི་རིང་གི་རྒྱལ་ཡོངས་བོད་སྐྱོར་ལས་དོན་དང་བོད་ཀྱི་འཕོ་འགྱུར་གྱི་བསྡུས་རིས་ཤིག་རེད།
དེ་རིང་འདི་ག་ཚགས་པར་གྱིས《ཀྲེ་ཅང་ཉིན་རེའི་ཚགས་པར》དང་མཉམ་དུ《བགྲང་བྱ་སུམ་ཅུ་བརྒལ་བའི་ས་མཐོ་ནས་བསྐུར་བའི་འཕྲིན་ཡིག་གཉིས》སྤེལ་རྒྱུ་ཡིན་པས། ང་ཚོ་མཉམ་དུ་འཕྲིན་ཡིག་གཉིས་ཀྱི་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་དང་བརྩེ་བར་མྱོང་རོལ་གནང་དང་།
ལོ་29ཡི་གོང་བོད་སྐྱོར་ལས་བྱེད་པའི་རོགས་སྐྱོར་ཞུ་ཡིག་གཅིག་ནག་ཆུ་ནས་བསྐུར་ཏེ། རི་ཀླུང་མང་པོ་བརྒལ་རྗེས་རྒྱང་ཐག་སྤྱི་ལེ་3800ལྷག་ཙམ་ཆོད་པའི་ཤིས་ཙི་ཧུའུ་མཚོ་འགྲམ་དུ་འབྱོར། དེ་ལས་ས་མཐོར་གཅེས་སེམས་འབུལ་བའི་ཚ་རླབས་འཕྱུར་ཏེ་དེ་གའི་བུ་ཕྲུག་སློབ་གྲྭ་འགྲིམ་པའི་བསྐལ་བཟང་ཐོབ་ནས་ལས་དབང་ལ་འགྱུར་ལྡོག་འགྲོ་འགོ་ཚུགས།
ལོ་30ཙམ་རིང་རྡོ་རིང་དེའི་མདུན་དུ་སྤྲོ་སྣང་ལ་རོལ་མྱོང་བའི་བྱིས་པ་མང་པོས“གཅེས་སེམས་དང་ཕུགས་རེའི་ས་བོན”ཡིད་ལ་འཆང་བཞིན་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་ལ་འབད་བཞིན་མཆིས།
2024ལོའི་དཔྱིད་དུས་སུ་དེ་སྔ་ནག་ཆུ་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང་གི་ཁག་དང་པོའི་སློབ་མའི་གྲས་ཡིན་པའི་ཟླ་གྲགས་དབང་འདུས་ཀྱིས་འཕྲིན་ཡིག་བྲིས་ནས“གཅེས་པར་འོས་པའི་ཨ་ཁུ”ཚོར་གུས་ལན་མཚོན་པར་བྱས།
1994ལོར་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་2022ལོ་བར། རྒྱལ་ཡོངས་ས་ཕྱོགས་ཁག་ནས་མངགས་པའི་ཁག་ཐེངས་བཅུའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་11900ཡིས་ས་མཐོའི་ས་ཕྱོགས་གང་སར་འབད་འཐབ་བྱས་ཡོད། ཁོང་ཚོས་བརྩེ་བ་དང་བྱ་སྤྱོད་ལ་བརྟེན་ནས་དུས་རབས་ལ་རྒྱུགས་ལན་ཞིག་ཕུལ་ཡོད།
ས་མཐོ་ནས་བསྐུར་བའི་འཕྲིན་ཡིག
པར་རྒྱག་སྐབས་ང་མདུན་གྱི་སྟར་པ་དང་པོའི་དཀྱིལ་དུ་ཡོད། སྐབས་དེ་དུས་ཀྱི་རྣམ་པ་ང་དང་སློབ་གྲོགས་30ལྷག་ཙམ་གྱིས་ནམ་ཡང་བརྗེད་མི་སྲིད། དུས་དེ་ནས་བཟུང་ང་ཚོར་སློབ་ཁང་དང་ཉལ་ཁང་གསར་པ་ཡོད་པས་རུས་པར་གྲང་ཟུག་རྒྱག་པའི་ལྷགས་པ་བཟོད་དགོས་མེད།
—— ཟླ་གྲགས་དབང་འདུས་ཀྱི་འཕྲིན་ཡིག་ལས་བཏུས།
འདི་ལོའི་ཟླ་བཞི་པར། རྒྱལ་ཡོངས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་དེ་སྔ་ནག་ཆུ་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཅང་ཅུན་གྱིས་བོད་ལ་འཚམས་འདྲི་བྱེད་མཇུག་འགྲིལ་ནས་སླར་ཡང་ས་ཆ་འདི་ནས་ཁ་གྱེས་གྲབས་ཡོད། མི་ཚོགས་ཁྲོད་ནས་ཟླ་གྲགས་དབང་འདུས་ཀྱིས་གློ་བུར་དུ་མདུན་ཕྱོགས་སུ་རྒྱུག་ཡོང་ནས་ཅང་ཅུན་གྱི་ལག་ནས་འཇུས་ཏེ་དབུ་ཐུག་གཅིག་བྱས།
བླ་ན་མེད་པའི་གུས་ལུགས་དེ་ནི་གུས་བཀུར་དང་། ཞལ་གྱེས། སྨོན་འདུན་བཅས་ཡིན་ལ། དེ་ནི་ལོ་30ཕྱིན་རྗེས་འཕྲིན་ཡིག་གཉིས་ལས་སྦྲེལ་བའི་དྲན་ཤེས་ཤིག་ཀྱང་ཡིན། ཉིན་དེ་ནི་བསྐྱར་ཚུགས་དང་། བསྐྱར་མཚོན། རྒྱུན་མཐུད་བཅས་ཡིན།
ཕོ་ལོ་38ལ་སླེབས་པའི་ཟླ་གྲགས་དབང་འདུས་ཀྱི་དྲན་པའི་མེ་ལོང་ངོས་སུ་བྱིས་དུས་ཀྱི་བརྗེད་ཐབས་བྲལ་བའི་ཉིན་མོ་གཉིས་ཡོད་པ་དེ་ལས། གཅིག་ནི་ལོ་རིམ་ལྔ་པའི་སྐབས་ཀྱི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕ་མས་ཆེད་མངགས་འབྲོག་ཁུལ་ནས་ཁོང་ལ་ལྟ་བར་ཡོང་སྟེ་ཚོན་མདོག་སྔོ་ཁྲའི་སྟོད་ཐུང་གསར་པ་ཉོས་པ་དེ་ཡིན་པ་དང་། གཅིག་ཤོས་ནི་1996ལོའི་ཟླ་དགུ་པར་བརྒྱབ་པའི་འདྲ་པར་དེ་ཡིན་ཞིང་། དེ་དུས་སློབ་གྲྭའི་ཉེ་འདབས་ཀྱི་ལམ་ཟུར་དུ་རྩེད་མོར་དབྱིངས་ཞུགས་སྐབས་རྒན་སྐལ་བཟང་ལགས་ཀྱིས་གློ་བུར་དུ་ང་དང་སློབ་གྲོགས་ཚོ་འབོད་བྱུང་། གང་ཡིན་ཟེར་ན། དེ་དུས“གཅེས་པར་འོས་པའི་ཨ་ཁུ”ཚོ་མགྱོགས་པོ་སླེབས་གྲབས་ཡོད་པ་མ་ཟད། ད་དུང་དྲན་རྟེན་པར་རྒྱག་དགོས་པ་དེ་རེད།
མི་ཚེའི་ནང་གི་པར་དང་པོ་དེ་ཡག་པོ་རྒྱག་ཆེད། ཕྲུ་གུ་ཚོས་ངོ་གདོང་གཙང་མར་བཀྲུས་པ་མ་ཟད། གྱོན་གོས་ངོ་དྲགས་པ་ཞིག་བརྗེས། ཁོང་ཚོ་ཚང་མ“ནག་ཆུ་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང”གི་རྡོ་རིང་རྒྱབ་ཏུ་དགའ་སྤྲོའི་ངང་ལྷན་དུ་འཛོམས།
ད་ཆ་སློབ་གསོའི་ལས་ཀ་བྱས་ནས་ལོ་19སོང་བའི་ཟླ་གྲགས་དབང་འདུས་ནི་ནག་ཆུ་གྲོང་ཁྱེར་བུ་བཅོལ་ཁང་ལྔ་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ཞིང་། འདི་ལོའི་ཟླ་གསུམ་པའི་ཟླ་མཇུག་ཏུ་ཁོང་གིས་ཕྲུ་གུ་ཚོར“བརྩེ་སེམས”བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་སྤེལ་སྐབས་ཁོང་གི་མིག་ལམ་དུ་བྱིས་དུས་ཀྱི་དུས་ཆེན་ལྟ་བུའི་ཉིན་མོ་ལྷམ་མེར་འཆར།
སློབ་ཁྲིད་འཆར་གཞི་བྲིས་འཚར་རྗེས་ཟླ་གྲགས་དབང་འདུས་ཀྱིས“སྐབས་དེ་དུས་ཀྱི་གཅེས་པར་འོས་པའི་ཨ་ཁུ་ཚོར་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ”འབྲི་རྒྱུའི་བསམ་བློ་འཁོར།
“དང་ཐོག་སློབ་གྲྭར་ལྕགས་རི་མེད་པ་དང་ཆར་ཐིགས་ཡང་ཡང་རྒྱག་པ་མ་ཟད། འཛིན་གྲྭའི་སྒེའུ་ཁུང་ལ་སྤྱིར་ན་ཤེལ་སྒོ་མེད་པས། གྲང་ངར་ཧ་ཅང་ཆེ། ཁྱིམ་ཚང་གི་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་དབང་གིས་ཕྲུ་གུ་ཚོར་གྱོན་ཆས་མཐུག་པོ་གྱོན་རྒྱུ་མེད། རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་དང་ཉལ་ཁང་གསར་པར་སྤོས་རྗེས་ཕྲུ་གུ་ཚོ་དགའ་སྤྲོ་དཔག་མེད་སྐྱེས”
ཕྱིས་སུ་སློབ་གྲྭར་ལྕགས་རི་བསྐྲུན་པ་མ་ཟད། སློབ་ཁང་དང་ཉལ་ཁང་ཡང་རྒྱ་ཆེ་ལ་དཀར་ཆ་དོད་པར་གྱུར། དུས་དེ་ནས་བཟུང་ཁོང་ཚོའི་མི་ཚེ་དང་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་ལུགས་སྐབས་དེ་དུས་ཀྱི་ཨ་ཁུ་ཚོར་བརྗོད་འདོད་ཀྱི་བློ་དྲག་པོ་སྐྱེས།
དེ་དག་ཚང་མ་ལོ་30ཡི་གོང་གི“རེ་བའི་ས་བོན”ལས་བྱུང་ཡོད།
1994ལོའི་ཟླ་7པར། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་35འཁོར་བའི་སྐབས་སུ་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས“རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར”བྱེད་པའི་མཛད་ཕྱོགས་དང“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་རྣམ་པ་གཏན་འཁེལ་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས།
1995ལོའི་ཟླ་5ཚེས་20ཉིན། ཀྲེ་ཅང་གི་ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་45ཡིས་བྲང་ཁར་མེ་ཏོག་དམར་པོ་བཏགས་ནས་ཧང་ཀྲོའུ་ཤིས་ཙི་མཚེའུ་འགྲམ་གྱི་ཏ་ཧྭ་གསོལ་མགྲོན་ཁང་ནས་ཐོན་ཏེ་ནག་ཆུར་ཡོང་།
མཛད་རྗེས་རྡོ་རིང་དེའི་ཆེད་དུ།
ང་ཚོས་འཛམ་གླིང་ཡང་རྩེར་མཛད་རྗེས་རྡོ་རིང་ཤིག་འཛུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
—ཅང་ཅུན་གྱི་འཕྲིན་ཡིག་ལས་བཏུས།
1995ལོའི་ཟླ་8ཚེས་10ཉིན། ནག་ཆུ་རྫོང་ཨུད་ཀྱི་ལས་ཤག་གི་སྒྲོན་འོད་འོག་ཅང་ཅུན་གྱིས་དམིགས་བསལ་གྱི“འཕྲིན་ཡིག”ཅིག་བྲིས་ཏེ་ཆ་རྒྱུས་གཏན་ནས་མེད་པའི་སྐབས་དེ་དུས་ཀྱི《ཧང་ཀྲོའུ་ཉིན་རེའི་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧྲུའུ་ཧྲི་གཡོད་ལ་བསྐུར།
སྐབས་དེ་དུས་ཀྱི་གྲངས་གཞི་འགའ་ཞིག་ཅང་ཅུན་གྱི་སེམས་ནང་ངེས་ཡོད་པ་སྟེ། ནག་ཆུའི་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་བྱེད་ཚད་22.5%ཙམ་ལས་ཟིན་གྱི་མེད་པ་དང་། གཞོན་དར་ཡིག་རྨོངས་ཡིན་ཚད་75%ཟིན་པ། ཆ་སྙོམས་སྤྱི་ལེ་ངོས་གྲུ་1500ཡི་ནང་སློབ་ཆུང་གཅིག་ལས་མེད་པ། ལོ་རིམ་གསུམ་པ་ཐོན་རྗེས་སླར་ཡང་སློབ་མ་72%སློབ་གྲྭར་འགྲོ་མཚམས་བཞག་ནས་ཕ་མེས་ཀྱི་ཕྱུགས་རྫིའི་ལས་ལ་ཞུགས་ཀྱི་ཡོད།
ཉིན་བཅུ་ལྷག་ཙམ་སོང་རྗེས་ཅང་ཅུན་ལ་གཏམ་བཟང་ཞིག་འབྱོར།
1995ལོའི་ཟླ་8ཚེས་25ཉིན། ཅང་ཅུན་གྱི་འཕྲིན་ཡིག《ཧང་ཀྲོའུ་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོར་བཀོད་རྗེས་ཧང་ཀྲོའུ་ཡི་ས་ཕྱོགས་གང་སར་ཁྱབ་ནས་བོད་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་འགོ་ཚུགས། ཉིན་ལྟར་དངུལ་ཞལ་འདེབས་རྒྱག་མཁན་ཡོད་པ་དང་སྒོ་ང་བཙོས་མ་བཙོངས་མཁན་ཚོང་པ་ཞིག་གིས་སྒོར་3000ཞལ་འདེབས་བརྒྱབ་པ་དང་མིང་བཀོད་མེད་པའི་བུད་མེད་ཅིག་གིས་འདས་གྲོངས་སོང་བའི་བཟའ་ཟླའི་འཆི་གོད་གྱོང་གསབ་རོགས་དངུལ་ཚང་མ་ཞལ་འདེབས་བརྒྱབ།
གཟའ་འཁོར་གཅིག་ནང་གྲོང་མི་56000ལྷག་ཙམ་དང་ཁེ་ལས་120ལྷག་ཙམ་གྱིས་ཁྱོན་ཞལ་འདེབས་སྒོར་ཁྲི་225བརྒྱབ་ཡོད།
1996ལོའི་ལོ་སྨད་དུ། ཕུགས་རེའི་སློབ་ཆུང་བཞི་གཅིག་རྗེས་གཉིས་མཐུད་ངང་ནག་ཆུར་བསྐྲུན་པ་དང་དེའི་ནང་སློབ་གྲྭ་གཅིག་གིས“ཧང་ཀྲོའུ”ཞེས་སློབ་གྲྭའི་མིང་བཏགས་ཡོད། སློབ་གྲྭ་དེ་དག་ཚང་མ་ས་གནས་དེ་གའི་སློབ་གྲྭ་མཛེས་ཤོས་རེད། འབྲོག་པ་ཚོ་ཧ་ཅང་དགའ་པོ་བྱུང་ནས་ཕྲུ་གུ་ཚོར་དཀར་གཙང་ཁ་བཏགས་གཡོགས་ནས་སློབ་གྲྭར་བསྐྱལ།
མིག་སྔར་ནག་ཆུའི་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་བྱེད་ཚད་100%ཟིན་པ་དང་2023ལོར་མཐོ་རྒྱུགས་ལོན་ཚད་95.56%ཟིན་ཡོད།
འཕྲིན་ཡིག་གཅིག་དང་ས་གནས་གཉིས་ཀྱི་བརྩེ་སེམས་ལས་བསྐྲུན་པའི་ནག་ཆུ་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང་ནས་ད་ལྟའི་ལྗོངས་ཕྱིའི་སློབ་ཆུང་དང་གཉིས་སུ་མ་མཆིས་པའི་ཤོ་མོང་ཤང་སློབ་ཆུང་བཅས་ནི་ལོ་30ཡི་རིང་གི་རྒྱལ་ཡོངས་བོད་སྐྱོར་ལས་དོན་དང་བོད་ཀྱི་འཕོ་འགྱུར་གྱི་བསྡུས་རིས་ཤིག་རེད།
ལོ་དེ་དག་རིང་། ཏང་ཀྲུང་དབྱང་གིས་བོད་ཀྱི་དཀའ་ཚེགས་ཧ་ཅང་ཆེ་བའི་ལས་སྒྲུབ་དང་འཚོ་སྡོད་ཀྱི་ཆ་རྐྱེན་ལ་དམིགས་ཏེ་སྲིད་ཇུས་བྱ་ཐབས་ཁག་བཟོས་ནས་ལས་བྱེད་པ་དང་ལས་བཟོའི་སེམས་ཁྲལ་སེལ་གང་ཐུབ་བྱས་ཡོད།
འཐུས་སྒོ་ཚང་བའི་ལས་ཤག་ནང་སྡོད་ཀྱི་ཡོད་ཀྱང་། བོད་ལ་ཐེངས་དང་པོ་ཡོང་བའི་བོད་སྐྱོར་ལས་བྱེད་པ་ཚང་མས་ས་མཐོར་མི་འཕྲོད་པ་ཁྱད་བསད་བྱེད་པའི་བརྒྱུད་རིམ་དཔེར་ན། མགོ་ན་བ་དང་། སྐྱུག་པ། ཁྲག་ནང་གསོ་རླུང་འདུས་ཚད་ལྗོངས་ཕྱིའི་མྱུར་སྐྱོབ་ཀྱི་ཚད་གཞི་བར་ཆག་པ་ལ་སོགས་དཀའ་ཚེགས་སྣ་ཚོགས་བརྒྱུད་དགོས་ཀྱི་ཡོད།
ཁོང་ཚོས་དཀའ་ཚེགས་བྱུང་ལུགས་མང་པོ་བརྗོད་མི་འདོད་ཀྱང་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ནན་བཤད་གནང་བའི་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་བསམ་པའི་གོ་རྟོགས་དེ་བས་མཐོ་བ་ཞེས་པའི་རྒྱ་ཡིག་ཡིག་འབྲུ་19དེ་རྟག་ཏུ་གླེང་གི་ཡོད།
ས་བོན།
ལོ་30ཡི་རིང་། ཁྱེད་རྣམ་པའི་བྱམས་སེམས་ལས་ང་ཚོའི་ཞིང་ས་གཤིན་པོར“རེ་བ་དང་བྱམས་སེམས་ཀྱི་ས་བོན”བཏབ་ནས་ང་ཚོ་འབྲོག་ཁུལ་གྱི་ཕྲུ་གུ་ཆུང་ཆུང་ཚང་མས་རང་ཉིད་ཀྱི་ཕུགས་བསམ་དོན་གཉེར་ཐུབ་ཡོད། ངས་ཀྱང་བྱམས་སེམས་དང་དྲོ་སྐྱིད་འདི་མུ་མཐུད་བརྒྱུད་སྤྲོད་བྱེད་ཀྱི་ཡིན།
——ཟླ་གྲགས་དབང་འདུས་ཀྱི་འཕྲིན་ཡིག་ལས་བཏུས།
འཕྲིན་ཡིག་དེ་ལས་དྲན་སེམས་དང་རེ་སྒུག་གང་ལེགས་མཚོན་གྱི་ཡོད། འཕྲིན་ཡིག་ཐུང་ཡང་བརྩེ་སེམས་ལྷག་པར་ཟབ།
གཞན་ཡུལ་འགྲིམ་སྐབས་ཕ་ཡུལ་བརྗེད་ག་ལ་སྲིད། སློབ་ཆེན་ཐོན་རྗེས། ཟླ་གྲགས་དབང་འདུས་ཀྱིས་སྐྱིད་སྣང་དོད་པའི་ནང་སར་ཞེན་ཆགས་མི་བྱེད་པར་ཕ་ཡུལ་དུ་ལོག ཁོང་དང་འདྲ་བའི་ཕ་ཡུལ་དུ་ལོག་མཁན་སློབ་གྲོགས་མང་པོ་ཡོད། དེའི་ནང་སློབ་གྲོགས་འགའ་ཞིག་གིས་དེ་སྔ་སློབ་སྦྱོང་བྱེད་མྱོང་བའི་ཤོ་མོང་ཤང་སློབ་ཆུང་དུ་དགེ་རྒན་བྱས་ཏེ“ནག་ཆུ་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང”གི་རྡོ་རིང་འགྲམ་དུ་སློབ་ཐོན་སློབ་མ་སྐབས་རེ་རེ་དང་དྲན་རྟེན་མཉམ་པར་རྒྱག་གི་ཡོད།
2018ལོར་ཟླ་གྲགས་དབང་འདུས་ཀྱིས་ནག་ཆུའི་ཀོ་ལུག་གྲོང་རྡལ་སློབ་ཆུང་གི་སློབ་སྤྱི་བྱས། ཁོང་གིས་ལག་གཡོན་མ་གོས་ཐུང་གི་ཁུག་མའི་ནང་སྦས་ནས་མི་ཚོགས་ཁྲོད་ཁུམ་ནས་སྡོད་པའི་ནོར་བུ་རྒྱལ་མཚན་ལ་དོ་སྣང་བྱུང་ཡོད།
ཟླ་གྲགས་དབང་འདུས་ཀྱིས“ཆུ་ཐིགས་བསགས་པས་རྒྱ་མཚོ་འཁྱིལ། བྱམས་སེམས་འདུས་པས་སློབ་གསོ་འཕེལ”ཞེས་པའི་བསམ་ཚུལ་འཆར་ནས་ནོར་བུ་རྒྱལ་མཚན་ལྟ་བུའི་ཕྲུ་གུར་སྒེར་སེམས་མེད་པར་བྱམས་སེམས་བཅངས་ཡོད། ཁོང་གིས་ཕྲུ་གུ་ཚོ་ལྷ་སའི་རྩེད་ར་དང་ཚན་རྩལ་ཁང་སོགས་ལ་ཁྲིད་དེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ལྟ་རུ་བཅུག་པ་དང་དེ་ནས་ནོར་བུ་རྒྱལ་མཚན་མཉམ་སྡེབ་ཀྱི་འཚོ་བའི་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་ཏེ་སློབ་གྲོགས་ཚོ་འཛིན་གྲྭའི་ནང་གཙང་སྦྲ་བྱེད་སྐབས་ཁོང་གིས་ནོར་བུ་རྒྱལ་མཚན་ལ་རྐུབ་སྟེགས་དང་སྒྲོག་ཙེ་སྒྲིག་པ་སོགས་ཁོང་གིས་བྱེད་ཐུབ་པའི་ལས་ཀ་བཀོད་སྒྲིག་བྱེད་ཀྱི་ཡོད།
སློབ་དུས་གཅིག་མཇུག་འགྲིལ་རྗེས། ཟླ་གྲགས་དབང་འདུས་ཀྱིས་དགའ་སྣང་འཛིན་གྲྭར་ཞིབ་བཤེར་བྱེད་སྐབས་གཞས་ཡག་ཤོས་གཏོང་བ་དང་སྐད་གསང་ཤོས་ཀྱི་ཕྲུ་གུ་ཞིག་ལ་དོ་སྣང་བྱུང་ཡོད། ཁོང་གིས་ཞིབ་ཕྲ་བལྟས་པ་ན། ཕྲུ་གུ་དེ་ནི་ནོར་བུ་རྒྱལ་མཚན་ཡིན་ཞིང་། ཁོ་བོས་དབང་སྐྱོན་ཡིན་པའི་ལག་གཡོན་མ་དེས་ཨ་ཧྥེ་རི་ཁའི་རྔ་རྡུང་བཞིན་ཡོད། ཟླ་གྲགས་དབང་འདུས་ཀྱིས་སྣང་ཚུལ་དེ་མཐོང་མ་ཐག་རང་དབང་མེད་པར་མིག་ལ་མཆི་ཞག་འཁོར།
ཁོང་གིས་ནོར་བུ་རྒྱལ་མཚན་གྱི་ཡར་རྒྱས་དེ“བྱམས་སེམས”ལས་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་འཕྲིན་ཡིག་འབྲི་སྐབས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱས་ཤིང་། ཁོང་གིས་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་ནང“བྱམས་སེམས”ཀྱིས་ཁེངས་པ་གཞི་ནས་ཚོར་སྣང་བྱུང་ཡོད། སྐབས་དེར་ཁོང་གི་དྲན་པའི་མེ་ལོང་ངོས་ཀྱི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཕུགས་རེའི་སློབ་ཆུང་དེ་ནི་སྐྱིད་སྣང་འབྱུང་ས་ཡིན་པ་ཤེས་ལ། རང་ཉིད་ཀྱིས་གཞན་ལ་བྱམས་སེམས་འཆང་ས་ཡང་ཡིན་པ་ཚོར་ཡོད།
དེ་རིང་ལྷ་སའི་པེ་ཅིང་དཀྱིལ་ལམ་དུ་སྐྱོད་སྐབས་ནག་ཆུའི་ཀྲེ་ཅང་དཀྱིལ་ལམ་དང་ལེའོ་ཉིང་དཀྱིལ་ལམ། གཞིས་རྩེའི་ཧྲན་ཏུང་དཀྱིལ་ལམ་སོགས་ལམ་དེ་ཚོའི་མིང་ལས་རྒྱལ་ཡོངས་ཀྱི་བོད་སྐྱོར་སྟོབས་ཤུགས་རྟོགས་ཐུབ། ལོ་30ཡི་རིང་བོད་སྐྱོར་ལས་བྱེད་པས་སྔ་འཛིན་རྗེས་མཐུད་བྱས་ཏེ་བོད་ལ་ལེགས་སྐྱེས་མང་པོ་ཕུལ་བ་སྟེ། 2019ལོའི་ལོ་མཇུག་ཏུ་བོད་ཀྱིས་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་གི་འཆིང་རྒྱ་ལས་སྒྲོལ་བ་དང་ཁ་གཏད་བོད་སྐྱོར་ཀྱི་སྲིད་ཇུས་ཀྱང་གཞན་བརྟེན་རོགས་སྐྱོར་ནས་རང་བརྟེན་རོགས་སྐྱོར་ལ་འགྱུར་ལྡོག་བྱུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཞིང་ཆེན་དང་གྲོང་ཁྱེར་17གྱིས་བོད་སྐྱོར་རྣམ་གྲངས་ཇུས་འགོད་དང་བཀོད་སྒྲིག་བྱེད་གྲངས་1260ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་200བཏང་ཡོད།
གཞི་རྒྱ་ཆེ་བའི“འཛམ་གླིང་གི་ཡང་རྩེར”བོད་རིགས་སྤུན་ཟླར་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་འཕྲད་རིམ་བཞིན་ཚང་མས་སྤྲོ་སྣང་ཆེན་པོས་སྣེ་ལེན་ཞུ་གི་ཡོད། དེས་མ་ཚད“མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ”ཞེས་པའི་སྦྱར་ཚིག་གང་སར་མཐོང་རྒྱུ་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱང་མི་རྣམས་ཀྱི་སེམས་ནང་བརྟན་པོར་ཟུག་ཡོད།
ལོ་30ཡི་རིང་། རྒྱལ་ཡོངས་ས་གནས་ཁག་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཐག་རིང་གི་གངས་ལྗོངས་ས་མཐོར་འབྱོར་མ་ཐག་རང་ཉིད་ཀྱི་ཕ་ཡུལ་ནས་ཆུ་དམ་བི་གང་དང་ས་སྦར་མོ་གང་འཁྱེར་ཡོང་གི་ཡོད། ཁོང་ཚོས་ཕ་ཡུལ་གྱི་ཆུ་དང་ས་དེ་ས་གཞི་གསར་པ་དང་མཉམ་འདྲེས་བྱེད་སྐབས་ས་བོན་ལས་མྱུ་གུ་འབུས་ཏེ་སྡོང་པོ་བརྟན་པོ་ཞིག་ཏུ་འགྱུར་ཐུབ་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། དཔྱིད་དུས་ནི་འཕྲིན་ལན་ལྟར་སྐྱེ་སྟོབས་ཀྱི་དཔལ་བ་ཞིག་ཡོད་པས་འབྱུང་འགྱུར་གྲུབ་འབྲས་དེ་བས་ལེགས་པ་ཐོབ་རྒྱུ་སྨོས་མེད་རེད།