དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཧང་ག་རི་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ཆེད་ལེའུ་གསར་པ་རྩོམ་འགོ་ཚུགས་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཀྲུང་ཧྭ་དང་། ཡན་ཧོན། ཧན་ཧྲུའོ།   |     སྤེལ་དུས།  2024-05-20

    “ཧང་ག་རི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་། ཧང་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ཡོད། ཧང་ཀྲུང་དབར་ཕྱི་འབྲེལ་བཙུགས་པ་ནི་བློ་གྲོས་ལྡན་པའི་བྱ་སྤྱོད་གཅིག་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད”ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་སྐབས་ཧང་ག་རིའི་ཙུང་ལི་ཟུར་པ་མའེ་ཅེ་ཤིས·པི་ཏེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས“ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེ་ཐོག་ནས་ཀྲུང་གོས་ཧང་ཀྲུང་མཉམ་ལས་ལ་མཐོང་ཆེན་པོ་བྱེད་པ་དང་། ཧང་ཀྲུང་མཛའ་གྲོགས་མུ་མཐུད་ཟབ་ཏུ་གཏོང་གི་ཡོད་པ་མཚོན་ཡོད”ཅེས་གསུངས་པ་རེད།

    2009ལོར་སྐབས་དེ་དུས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བཞིན་པའི་ཞི་ཅིན་ཕིང་ཧང་ག་རིར་འཚམས་འདྲི་གནང་བར་ཕེབས་རིང་མའེ་ཅེ་ཤིས་དང་མཇལ་འཛོམས་གནང་བ་རེད། མའེ་ཅེ་ཤིས་ཀྱིས“སྐབས་དེ་དུས་ཀྱི་མཇལ་འཛོམས་ངས་ད་བར་བརྗེད་མེད། ཀྲུའུ་ཞི་ཞི་ཅིན་ཕིང་ཁེངས་སྐྱུང་དང་གཤིས་རྒྱུད་བཟང་བ། ཐུགས་མཉེས་པོས་གཞན་གྱི་སྐད་ཆ་གསན་མཁན་ཞིག་རེད་འདུག ཀྲུང་གོའི་འཕེལ་རྒྱས་དང་དེ་བཞིན་ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བར་གཟིགས་ཚུལ་གསལ་པོ་འདུག ལོ་འདི་དག་ནང་། ཀྲུང་གོ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་ཚང་མ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་གནང་བ་དང་ཁ་འབྲལ་ཐབས་མེད”ཅེས་གསུངས་པ་རེད།

    འདི་ལོ་ནི་ཧང་ག་རི་ཡོ་རོབ་མནའ་འབྲེལ་ནང་ཞུགས་ནས་ལོ་20འཁོར་བའི་ལོ་ཡིན་པ་དང་། འདི་ལོའི་ལོ་སྨད་དུ་ཧང་ག་རིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། མའེ་ཅེ་ཤིས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ཧང་ག་རིས་ཡོ་རོབ་དང་ཀྲུང་གོ་སྦྲེལ་མཐུད་དེ་བས་ལེགས་པ་བྱས་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་འདོན་སྤེལ་བྱེད་ཐུབ། ཧང་ག་རི་མི་དམངས་ལ་ཀྲུང་གོར་ལྷུན་གྲུབ་ཀྱི་སྙིང་ཉེའི་བསམ་པ་ལྡན་པས། ཀྲུང་གོའི་ཁེ་ལས་ཧང་ག་རིར་མ་འཇོག་བྱེད་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་མི་དམངས་ཧང་ག་རིར་སློབ་སྦྱོང་དང་ཡུལ་སྐོར་ལ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཡོ་རོབ་དང་ཀྲུང་གོས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད། ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ནང་ཧང་ཀྲུང་ཕྱོགས་གཉིས་ཀར་གཉིས་ཁེ་གཉིས་ཕན་ཡོད་པ་མ་ཟད། འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པར་ཡང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

    མའེ་ཅེ་ཤིས་ཀྱིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་བསྔགས་བརྗོད་ཆེན་པོ་གནང་གི་ཡོད། ཁོང་གིས“དེ་ནི་གྲོས་འགོར་ཞུགས་མཁན་ཚང་མར་ཕན་པ་ཐོབ་པའི་གྲོས་འགོ་ཞིག་ཡིན་པ་དེས་ཧང་ག་རི་ཁྱབ་ཁོངས་མང་པོའི་ནང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་གསུངས་པ་རེད། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པ་མ་ཟད། སློབ་གསོ་དང་ཡུལ་སྐོར་སོགས་ཕྱོགས་གང་ཅིའི་ཐད་ཀྱི་སྤེལ་རེས་ལའང་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་གནང་གི་ཡོད།

    མའེ་ཅེ་ཤིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་ཡིད་ཆེས་དང་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བའི་སེམས་ཤུགས་མཚོན་ཡོད་པས། ཧང་ཀྲུང་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད། ཕྱོགས་གཉིས་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་དངོས་སྒྲུབ་མཉམ་ལས་དེ་བས་མང་བ་བྱས་ཏེ། ཧང་ཀྲུང་འབྲེལ་བ་དེ་བས་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།