“སེར་ཀྲུང་གི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་པ”
—— སེར་པི་ཡའི《ཆབ་སྲིད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨར་པུ་ནུའོ་ཝེ་ཆི་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་རིང་བར་སེར་པི་ཡར་སླར་ཡང་རྒྱལ་དོན་འཚམས་འདྲི་གནང་བ་དེ་ཐོག་ནས་སེར་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་གྱི་ཡོད”ཅེས་སེར་པི་ཡའི《ཆབ་སྲིད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་མར་ཁོ·ཨར་པུ་ནུའོ་ཝེ་ཆིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་ཅིང་། ཁོང་གིས“སེར་ཀྲུང་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་ཀྱང་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རེས་ཀྱི་འཚམས་འདྲི་བརྒྱུད་སེར་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
ཨར་པུ་ནུའོ་ཝེ་ཆིས། 2016ལོར《ཆབ་སྲིད་ཚགས་པར》ཐོག་འགོ་བརྗོད་དུ《དུས་གཏན་གྱི་གྲོགས་པོ། ཟོལ་མེད་ཀྱི་རོགས་ཟླ》ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་སྤེལ་རྒྱུའི་བསྐལ་པ་བཟང་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པའི་ཐད།《ཆབ་སྲིད་ཚགས་པར》གྱིས་གྲ་སྒྲིག་ཚགས་ཚུད་པོ་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱ་རྒྱུ་དང་འབྲེལ་ཆེད་དོན་གནས་ཚུལ་མང་པོ་ཞིག་གཏོང་སྤེལ་བྱས་ཡོད་ཅེས་བརྗོད་པ་རེད།
ཨར་པུ་ནུའོ་ཝེ་ཆིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《དབུལ་ཕོངས་ལས་ཐར་བ》སོགས་བཀླགས་མྱོང་བས་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་། ཁོང་གིས། “ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་རྒྱལ་ཁབ་གཞན་དག་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད”ཅེས་བརྗོད་པ་རེད།
ཨར་པུ་ནུའོ་ཝེ་ཆིས། སེར་པི་ཡ་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་སྔ་ཤོས་ཀྱི་ཡོ་རོབ་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན། སེར་ཀྲུང་ཕྱོགས་གཉིས་ཀྱིས་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དུ་བྱས་པས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་པ་དང་གཉིས་ཁེ་གཉིས་ཕན་དངོས་འབྲེལ་མངོན་འགྱུར་བྱུང་བ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྒྲོམ་གཞིའི་ནང་རྒྱལ་ཁབ་ཁག་གིས་མཉམ་ལས་ལ་མིག་དཔེ་བཟང་པོའང་བཏོད་ཡོད་ཅེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་སོགས་སྔ་རྗེས་སུ་བཏོན་ཞིང་། ཨར་པུ་ནུའོ་ཝེ་ཆིས་ཀྲུང་གོ་ཕྱོགས་ཀྱི་འདོད་ཚུལ་ལ་ཚད་མཐོའི་ཁས་ལེན་བྱས་པ་རེད། ཁོང་གིས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་མུ་མཐུད་སྒུལ་ཤུགས་བསྣན་རྒྱུ་རེད། ཀྲུང་གོས་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དར་སྤེལ་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་རབ་དང་རིམ་པ་དེ་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་མ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།