བུ་ཆུང་གིས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་གི་འདུག་ཅེས་བཤད་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར། མི་དམངས་དྲ་བའི་གསར་འགོད་པ། ཝུའུ་ཡུས་རེན།
“སྔོན་མ་འབྲི་ཏ་ས་འཛིན་ཞེས་པ་གང་ཡིན་པ་ཤེས་ཀྱི་མེད། མཐོང་མྱོང་མེད་ལ་ཟ་མྱོང་ཡང་མེད། ད་ལྟ་ཉིན་གང་པོར་འབྲི་ཏ་ས་འཛིན་འཐུ་བ་དང་སྐྱེལ་བའི་ལས་ལ་གཞོལ་བཞིན་ཡོད། ཤིང་འབྲས་ཆུང་ཆུང་འདིས་འཚོ་བ་བྲེལ་བརྩོན་གྱིས་ཁེངས་ཤིང་འབྱོར་ཕྱུག་ལྡན་པ་ཞིག་ཡོང་བ་བསམ་ཡུལ་ལས་འདས་སོང”ཞེས་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་བུ་ཆུང་གིས་བཤད། ཁོང་གིས་ལོ་ལྔ་བཅུ་ཙམ་ལ་སླེབས་སྐབས་རང་ཁྱིམ་གྱི་སྒོ་འགྲམ་ནས་འབྲི་ཏ་ས་འཛིན་འདེབས་སྟངས་ཤེས་པ་རྨི་ལམ་དུའང་འཁོར་མྱོང་མེད།
2019ལོར་བོད་ལྗོངས་སྙེ་མོ་རྫོང་གིས་ལོ་མང་གི་ལག་ལེན་བརྒྱུད་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་དང་ལག་རྩལ་གྱི་ལེགས་ཆའི་རོགས་རམ་འོག་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་དྲོད་ཁང་ཆེ་མོ་16ནང་འབྲས་ཤིང་སྡོང་རྐང་6000ཙམ་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་མུའུ་བརྒྱ་ལྷག་ཙམ་ཟིན་ཡོད། སྐབས་དེར་བུ་ཆུང་གིས་སྔོ་ཚལ་འདེབས་འཛུགས་ཐོག་མར་བྱས་པ་དང་མི་ཚེའི་ནང་གི་འདེབས་འཛུགས་ཐེངས་གཉིས་པའང་བྱེད་འགོ་ཚུགས་ནས་བུ་ཆུང་གིས་རང་འགུལ་ངང་སྔོ་ཚལ་དྲོད་ཁང་ཆེན་པོ་གཅིག་འགན་གཙང་བླངས་པ་དང་། “དེ་སྔོན་ནས་དང་ཞོག་ཁོག་ཁོ་ན་ལས་འདེབས་ཤེས་ཀྱི་མེད་ལ་འགན་གཙང་ཟེར་ན་ཡང་། འགན་གཙང་དངུལ་ཆག་ཡང་བཏང་བ་མ་ཟད། སྔོ་ཚལ་གྱི་ཡོང་སྒོ་ང་ཚོ་རང་ཉིད་ལ་བདག་གི་ཡོད”ཅེས་བུ་ཆུང་གིས་བཤད་པ་དང་། ཁོང་གིས་སྐབས་དེ་དུས་རང་ཉིད་དབུལ་སྒྲོལ་ཐུབ་མ་ཐག་ཡིན་པས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ཐུབ་རྒྱུའི་བསམ་བློ་འཁོར་བྱུང་ཞེས་བཤད།
ལོ་རེར་ཐེངས་རེ་སྨིན་པའི་ནས་དང་མི་འདྲ་བར་དྲོད་ཁང་ཆེན་པོའི་སྔོ་ཚལ་ལོ་གཅིག་ལ་ཐེངས་3ཙམ་བསྡུ་རྒྱུ་ཡོད། དེ་ལས་བུ་ཆུང་གི་སྤྲོ་སྣང་འཕེལ་ལ་སེམས་འགུལ་ཡང་ཐེབས་ཤིང་། ཁོང་གིས“2019ལོར་སྔོ་ཚལ་དྲོད་ཁང་ཆེན་པོ་གཅིག་ཁོ་ན་ལས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང”ཞེས་བཤད། ལོ་གཉིས་སོང་རྗེས་གྲོང་ཚོ་གཅིག་པའི་བགྲེས་སོང་ཞིག་གིས་འགན་གཙང་ལེན་མ་ཐུབ་པས་བུ་ཆུང་གིས་རང་འགུལ་ངང་སྔོ་ཚལ་དྲོད་ཁང་ཆེན་པོ་དེ་འགན་གཙང་བླངས། “དྲོད་ཁང་ཆེན་པོ་དེ་ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པས་ཞིང་ལས་ལ་འཐུས་ཤོར་མི་འགྲོ་བ་མ་ཟད་ཡོང་འབབ་ཀྱང་ལྡབ་འཕར་བྱུང”
2023ལོའི་ཟླ་8པར་གླིང་ཁུལ་ལ་དེ་སྔའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲེ་ལི་ཙི་དང་ཁམ་བུ་ཆེན་པོའི་ཐོན་ཚད་དམའ་བས་དཔལ་འབྱོར་ཕན་འབྲས་ཞན་པའི་དཀའ་ངལ་འཕྲད་ཡོད། པེ་ཅིང་བོད་སྐྱོར་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣས་ཚན་རིག་ཞིབ་དཔྱད་བྱས་པ་བརྒྱུད། སྔར་ཡོད་ཀྱི་སྣ་ཁར་ལེགས་བཅོས་དང་སྔར་ཡོད་ཀྱི་དྲོད་ཁང་ཆེན་པོར་ལག་རྩལ་སྒྱུར་བཀོད་བྱེད་དགོས་པ་བཤད། བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག་པེ་ཅིང་ཧྲུན་དབྱི་ཆུས་ལུང་དབན་ཐུན་གྲོང་རྡལ་གྱིས་སྙེ་མོར་འབྲི་ཏ་ས་འཛིན་སྡོང་རྐང་9000དང་སེའུ་སྡོང་རྐང་2000སྤྲད་པ་རེད། དེ་ལས་བུ་ཆུང་ལ་འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་པའི་གོ་སྐབས་ཐོབ། “སྐབས་དེར་རྫོང་གིས་ང་ལ་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ཆེན་པོ་ཞིག་འགན་གཙང་ལེན་དུ་བཅུག་པས་ངས་དགའ་ཚོར་ཆེན་པོས་དང་ལེན་བྱས་པ་ཡིན། གང་ལགས་ཤེ་ན། ངས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་ཆེན་པོ་ཡོད་པས་ཡིན”
ལོ་60ལ་སླེབས་པའི་བུ་ཆུང་གིས་འཚོ་བ་གསར་པར་ཕྱོགས་ནས་འབྲི་ཏ་ས་འཛིན་འདེབས་སྟངས་སློབ་སྦྱོང་བྱེད་འགོ་ཚུགས། མང་ཚོགས་ཀྱིས་སྔོ་ཚལ་དང་ཤིང་འབྲས་གཏན་ནས་འདེབས་མྱོང་མེད་པར་བསམ་གཞིག་བྱས་ནས་སྙེ་མོ་རྫོང་གིས་ཆེད་མངགས“གནད་ཀྱིས་གནད་ལ་དམིགས་པའི”ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ཏེ་ལས་བྱེད་པ་འདེམས་གཏོང་བྱས་ནས་ཐོན་ལས་ས་ཚིགས་སུ་བཅའ་སྡོད་བྱས་ཏེ་མང་ཚོགས་ལ་འདེབས་འཛུགས་བྱེད་སྟངས་བསླབ་ཡོད། “བུ་ཆུང་གིས་བྱང་ཆུབ་པོའི་སྒོ་ནས་སྔོ་ཚལ་སྣ་ཚོགས་འདེབས་ཤེས་ཀྱི་ཡོད། འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་ཐེངས་ཐོག་མ་ཡིན་ནའང་ཁོང་གིས་བློ་རྩེ་གཅིག་སྒྲིམ་བྱས་ནས་དུས་རྒྱུན་ང་ཚོ་དང་མཉམ་དུ་འབྲི་ཏ་ས་འཛིན་འདེབས་སྟངས་སྦྱོང་གི་ཡོད”ཅེས་འདེམས་གཏོང་ལས་བྱེད་པ་ཆོས་སྐྱིད་ཀྱིས་བཤད།
དེར་བརྟེན་ན་ནིང་ཟླ་8པ་ནས་བཟུང་འབྲི་ཏ་ས་འཛིན་འདེབས་འགོ་བཙུགས་ཚུན་བུ་ཆུང་གིས་དེ་སྔ་ལས་འབད་བརྩོན་ཆེ་བ་བྱས་ནས་ཉིན་ལྟར་ཞོགས་པ་ཆུ་ཚོད་5པ་ཙམ་ནས་ལངས་ཏེ་དྲོད་ཁང་ཆེན་པོར་བསྐྱོད་དེ་ཞོགས་པའི་འབྲི་ཏ་ས་འཛིན་ལ་གཡོག་བྱེད་བྱེད་པའི་ལས་ཀ་ཚར་རྗེས་ཁོང་གིས་སླར་ཡང་བྲེལ་འཚུབ་ཆེན་པོས་སྔོ་ཚལ་དྲོད་ཁང་ཆེན་པོར་བསྐྱོད་ནས་ཆུ་རྒྱག་པ་དང་རྩྭ་ངན་བཀོག་པ་སོགས་བྱེད་ཀྱི་ཡོད། བུ་ཆུང་གིས་སྤྲོ་བ་ཆེན་པོས་དྲོད་ཁང་ཆེན་པོའི་ནང་ལས་ཀ་བྱེད་པ་དང་གྲང་ངར་ཆེ་བའི་དགུན་ཁ་ཡིན་ནའང་བུ་ཆུང་གིས་རྔུལ་ཆུ་འཛར་བཞིན་དུ་ལས་ཀ་བྱེད་ཀྱི་ཡོད། “རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་དེ་འདྲ་ཡོད་པས་ང་ཚོས་དེ་བས་འབད་བརྩོན་ཆེན་པོས་ལས་ཀ་བྱེད་དགོས”ཞེས་བུ་ཆུང་གིས་བཤད།
2023ལོར་བོད་ལྗོངས་སྙེ་མོ་རྫོང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་ཡོང་འབབ་སྒོར་ཁྲི་340.6བྱུང་ནས་མི་81ལས་ཞུགས་ཐུབ་སྟེ་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.5ཡན་བྱུང་བ་དང་། རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་150ལྷག་ཙམ་གླ་པ་རྒྱུག་པར་སྐྱོད་པར་སྣེ་ཁྲིད་བྱས་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་0.3བྱུང་ཡོད།
“ང་རང་ད་ལྟའི་འཚོ་བར་ཧ་ཅང་དགའ་པོ་ཡོད། དཔྱིད་ཀར་ནས་འདེབས་པ་དང་། ལོ་གཅིག་དུས་བཞིར་སྔོ་ཚལ་དང་འབྲི་ཏ་ས་འཛིན་འདེབས་ཀྱི་ཡོད་པས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་སོང་བ་དང་འབྱོར་ཕྱུག་ལྡན་པ་ཞིག་འདུག འབྲི་ཏ་ས་འཛིན་བཏབ་པ་ནས་བཟུང་རང་ཁྱིམ་གྱི་ཡོང་འབབ་ལྡབ་འཕར་བྱུང་ནས་འབྲི་ཏ་ས་འཛིན་ཁོ་ནས་ཟླ་གཅིག་ལ་སྒོར་ཁྲི་གཅིག་ལྷག་ཙམ་གསོག་ཐུབ་ཀྱི་འདུག”ཅེས་བུ་ཆུང་གིས་བཤད།