མཚོ་སྔོན་མཚོ་བྱང་གི་སྦྲུམ་ཐེངས་མང་བའི་བོད་ལུག་རྒྱུད་སྤེལ་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པ།
ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ས་མཐོའི་སྐྱེ་ཁམས་འབྲོག་ལས་ཚན་རྩལ་དཔེ་སྟོན་གླིང་གི་སྦྲུམ་ཐེངས་མང་བའི་བོད་ལུག་གསོ་ཚགས་ར་བ་ནས། སྐྱེས་ཏེ་ཡུན་རིང་མ་སོང་བའི་སྦྲུམ་ཐེངས་མང་བའི་ལུ་གུ་ཁྱུ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བཞིན་ཡོད་ལ། གསོ་ཚགས་དོ་དམ་ཞིབ་ཚགས་བྱས་པ་བརྒྱུད། སྦྲུམ་ཐེངས་མང་དུ་འགྲོ་ཚད་དང་གསོན་ཚད་སོགས་ཀྱི་སྟོན་གྲངས་ཀྱང་ལོ་རེ་བཞིན་མཐོ་རུ་ཕྱིན་ནས་འདེམས་གསོའི་ཕན་འབྲས་བཟང་པོ་ཐོན་པ་མཐོང་བྱུང་། 2023ལོའི་ཟླ་10པ་ནས་ད་བར། མཚོ་བྱང་ཀྲོའུ་ཡི་ས་མཐོའི་སྐྱེ་ཁམས་འབྲོག་ལས་ཚན་རྩལ་དཔེ་སྟོན་གླིང་དང་། རྫོང་བཞིའི་ལྟེ་བའི་ཁྱུ་ཚོགས་དང་རྒྱུད་སྤེལ་སྦྲུམ་ཐེངས་མང་བའི་བོད་ལུག་ལ་ལུ་གུ་2500ལྷག་ཙམ་སྐྱེས་པ་དང་། ལྟེ་བའི་ཁྱུ་ཚོགས་ལ་སྦྲུམ་ཐེངས་མང་བའི་ཚད་53.6%ནས་64.5%བར་ཟིན་པ་དེ་ཐོག་ནས་མཚོ་བྱང་ཀྲོའུ་ཡི་སྦྲུམ་ཐེངས་མང་བའི་བོད་ལུག་འདེམས་གསོའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་དུས་མཚམས་གསར་པར་སླེབས་ནས། སྦྲུམ་ཐེངས་མང་བའི་བོད་ལུག་རྒྱུད་གསོའི་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་དུ་སླེབས་པ་མཚོན་ཡོད།
བོད་ལུག་རྒྱུད་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་མཚོ་བོད་ས་མཐོའི་འཕེལ་རྒྱས་དང་འཚམ་པའི་སྦྲུམ་ཐེངས་མང་བའི་རྒྱུད་གསར་གསོ་སྤེལ་བྱ་ཆེད། 2014ལོ་ནས་བཟུང་། ཚན་ཞིབ་ཚོགས་པས་རྒྱལ་ཁབ་ཀྱི་ཁུལ་ལྡན་རའི་ཐོན་ལས་ལག་རྩལ་མ་ལག་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་སོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཀྲོའུ་དང་རྫོང་གི་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་ཐོག་སྦྲུམ་ཐེངས་མང་བའི་བོད་ལུག་གི་ནུས་པ་སྔོག་འདོན་དང་གསར་གཏོད་བེད་སྤྱོད་ཀྱི་ལས་དོན་སྤེལ་འགོ་བཙུགས་ཡོད། ཆ་རྡུལ་ལག་རྩལ་དང་སྲོལ་རྒྱུན་གྱི་རྒྱུད་སྤེལ་བྱེད་ཐབས་སྤྱད་དེ་ལོ་བཅུ་ཙམ་རིང་འབད་བརྩོན་བྱས་པ་བརྒྱུད། གྲངས་འབོར་ངེས་ཅན་གྱི་ཕྲ་ཕུང་རྐྱང་འདྲེས་དང་ཕྲ་ཕུང་མཉམ་འདྲེས་ཀྱི་རྒྱུད་སྤེལ་ཁྱུ་ཚོགས་འདེམས་གསོ་བྱས་ནས་བཙུགས་པ་དེས་ལུ་གུ་སྐྱེས་ཚད་མང་བའི་བོད་ལུག་དམིགས་བཙུགས་འདེམས་གསོར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།