དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འགྱིག་ཤོག་དྲོད་ཁང་ཆེན་པོ་ནས། སྔོ་ཚལ་སོས་པའི་འབབ་འཕར་བཟང་།

    —— རང་ལྗོངས་ཀྱིས་ས་གནས་དེ་གའི་སྔོ་ཚལ་འདེབས་འཛུགས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-20

    “ཤ་ཚལ་སྒོང”གསུམ་གྱི་འདུ་འགོད་ནི་སྔ་ཕྱི་བར་གསུམ་དུ་རང་ལྗོངས་ཀྱི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད་སྔོ་ཚལ་འདེབས་འཛུགས་དང་དབོར་འདྲེན་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་ཡོད། ད་ཆ་རྒྱ་ཆེའི་མང་ཚོགས་ཚོར“བོད་ཀྱི་ཚལ”ཟ་རྒྱུ་བྱུང་བ་མ་ཟད། “ཤ་ཚལ་སྒོང”གསུམ་གྱི་འདུ་འགོད་ལ་བརྟེན་ནས་ཡོང་འབབ་ཀྱང་འཕར་ཡོད།

    “ཤ་ཚལ་སྒོང”གསུམ་ཕུན་སུམ་ཚོགས་སུ་ཕྱིན་པ།

    ཉེ་བའི་ལོ་ཤས་རིང་། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྟེན་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོ་དེ་ཉིད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“སྔོ་ཚལ་གྲོང་ཚོར”གྱུར་ཡོད། ས་ཞིང་དང་འགྲོགས་ནས་ལོ་30ལྷག་ཙམ་སོང་བའི་ལྗང་གྲོང་ཚོའི་གྲོང་མི་སྤེན་པས་བོད་ཀྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བའི་བདེན་དཔང་བྱས་ཡོད། ཁོང་གིས“དེ་སྔོན་ང་ཚོས་སྤྱིར་བཏང་བྱས་ན་པད་ཚལ་དང་ཞོག་ཁོག་སོགས་ལས་འདེབས་ཀྱི་མེད། ད་ཆ་འགྱིག་ཤོག་དྲོད་ཁང་ཆེན་པོ་བརྒྱབ་པས་ཚན་རྩལ་མི་སྣས་ཀྲོ་མ་ཀྲུ་ཆུང་ཆུང་དང་། སུར་པན། སྔོ་ཚལ་ཆིའུ་ཁུའེ་སོགས་ཤིང་ཏོག་དང་སྔོ་ཚལ་སྣ་ཚོགས་འདེབས་པའི་ལག་རྩལ་སློབ་ཁྲིད་དང་ཕྱིར་ཚོང་བྱེད་རོགས་བྱེད་ཀྱི་ཡོད། ‘སྔོ་ཚལ་རིགས་གསར་པ’དེ་དག་ལས་ང་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་སོང”ཞེས་མྱོང་ཚོར་ཟབ་མོས་བཤད།

    ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནས་ནུབ་ཕྱོགས་སུ་རྐང་ཐང་མར་སྨི་ཉིས་བརྒྱ་སུམ་བརྒྱ་ལྷག་ཙམ་བསྐྱོད་ན་ལྷ་སའི་ལྕགས་པོ་རིའི་ཞིང་ཚོང་ཁྲོམ་རར་སླེབས་ཀྱི་ཡོད། 2006ལོར་དེ་སྔའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཚལ་ཁྲོམ་དེ་གར་སྤོས་ནས་ལྕགས་པོ་རིའི་ཞིང་ཚོང་ཁྲོམ་རར་མིང་བསྒྱུར་བྱས། ལོ་བཅུ་ལྷག་ཙམ་རིང་། ལྷ་སའི་གྲོང་མིའི“ཤ་ཚལ་སྒོང”གསུམ་གྱི་འགྱུར་ལྡོག་དེ་ནས་བདེན་དཔང་བྱེད་ཐུབ།

    ལྕགས་པོ་རི་ཞིང་ཚོང་ཁྲོམ་རར་སྐྱོད་སྐབས་ཁྲོམ་བདག་ཚོས་ཧོང་ཀྭ་དང་ཀྲོ་མ་ཀྲུ་སོགས་སྔོ་ཚལ་སོས་པ་སྣ་ཚོགས་ཁྲོམ་བཀྱག་ཐོག་སྒྲིག་བཞིན་ཡོད། དེ་ཙམ་ཆེན་པོ་མེད་པའི་ཁྲོམ་བཀྱག་དག“སྔོ་ཚལ་དངོས་མང་གླིང”དང་འདྲ་ལ་དེའི་ནང་བོད་དུ་བཏབ་པའི་སུར་པན་དང་ཧོང་ཀྭ་སོགས་སྔོ་ཚལ་དང་། ཀྭ་རིགས། ཤིང་ཏོག་སོགས་མང་པོ་འདུག གྲོང་མི་པད་དབྱང་གིས་གསར་འགོད་པར་ང་ཚོ་ཆུང་དུས་རྒྱུན་དུ་མཐོང་རྒྱུ་ཡོད་པ་ནི་ཞོག་ཁོག་དང་། ལ་ཕུག པད་ཚལ་བཅས་རེད། སྔོ་ཚལ་མང་ཆེ་བ་ལྗོངས་ཕྱི་ནས་དབོར་གྱི་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གར་བཏབ་པའི་སྔོ་ཚལ་གྱི་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་ཆབས་ཅིག་རིན་གོང་ཡང་ཁེ་རུ་འགྲོ་གི་འདུག་ཅེས་བཤད།

    འདེབས་འཛུགས་ཀྱི་སྣ་ཁ་མང་དུ་འགྲོ་བ།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡིས་སྔ་རྗེས་སུ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་། ཤིན་ཅང་། པེ་ཅིང་། ཐེན་ཅིན། ཀན་སུའུ། ཧྲའན་ཤིས། སི་ཁྲོན་སོགས་ས་ཁུལ་ནས་སུར་པན་དང་། ཧོང་ཀྭ ཀྲོ་མ་ཀྲུ། རྡོ་ལུམ། ཤིས་ཀྭ་སོགས་རིགས་15ལྷག་ཙམ་དང་སྔོ་ཚལ་དང་ཤིང་ཏོག་གི་སྣ་ཁ་གསར་པ་150ལྷག་ཙམ་ནང་འདྲེན་བྱས་ཏེ་ཚོད་འདེབས་ཐེངས་10ལྷག་ཙམ་བྱས་པའི་ཁྲོད་ནས་བོད་དུ་འདེབས་རྒྱུར་འཚམ་པའི་སྔོ་ཚལ་དང་ཤིང་ཏོག་རིགས་15དང་སྣ་ཁ་20གདམ་གསེས་བྱས་པའི་ནང་གཙོ་བོ་ལུའོ་དབྱང་གི་སུར་པན་ཨང་4པ་དང་། ཀན་སུའུ་ཡི་སུར་པན་ཨང་3པ། ཧྭ་མེ་སུར་པན་ཨང་1པ་སོགས་དང་། ཐེན་ཅིན་སྔོ་ཚལ་ཞིབ་འཇུག་ཁང་གི་ཧོང་ཀྭ་ཡི་རིགས། པེ་ཅིང་ཀྲུང་གོ་ཞིབ་འཇུག་ཀུང་སིའི་ཀྲོ་མ་ཀྲུའི་རིགས་སོགས་ཡོད། སྣ་ཁ་གསར་པ་དེ་དག་གི་ཐོན་ཚད་10%ཡན་འཕར་བས་བོད་ཀྱི་སྔོ་ཚལ་ཐོན་ཚད་མང་དུ་ཕྱིན་པ་དང་སྤུས་ཀ་ལེགས་སུ་ཕྱིན་ཡོད། མིག་སྔར། སྣ་ཁ་དེ་དག་གི་རིགས་10ལྷག་ཙམ་འདེབས་འཛུགས་ཀྱི་སྣ་ཁ་གཙོ་བོར་གྱུར་ཡོད།

    དེ་དང་ཆབས་ཅིག སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཚན་ཞིབ་ཚོགས་པས་ས་ཁོངས་སུ་ཚོད་ལྟ་བྱས་པ་བརྒྱུད་འདེབས་འཛུགས་ལག་རྩལ་དེ་བས་མང་བ་ཁོང་དུ་ཆུད་པས་སྔོ་ཚལ་མཁོ་སྤྲོད་བྱེད་ཚད་མང་དུ་ཤུགས་ཆེན་ཕྱིན་ཡོད། ད་ཆ། བོད་ཀྱི་སྔོ་ཚལ་མཁོ་སྤྲོད་བྱེད་ཚད་60%ནས་85%དང་90%བར་མཐོ་རུ་ཕྱིན་པའི་ནང་དགུན་དུས་སྔོ་ཚལ་མཁོ་སྤྲོད་བྱེད་ཚད་50%ནས་70%བར་མཐོ་རུ་ཕྱིན་ནས་ས་མཐོའི་མང་ཚོགས་ཚོར་ལོ་གཅིག་དུས་བཞིར་ས་གནས་དེ་གར་བཏབ་པས་སྔོ་ཚལ་སོས་པ་ཟ་རྒྱུ་ཡོང་བར་བྱས་ཡོད།

    ཚལ་འདེབས་ཞིང་པའི་ཡོང་འབབ་མང་དུ་ཕྱིན་པ།

    “དེ་སྔོན་སྔོ་ཚལ་སོས་པ་ཚང་མ་ཐག་རིང་ནས་ལྷ་སར་དབོར་དགོས་ཀྱི་ཡོད། དབྱར་དུས་ལྷ་སར་དབོར་བའི་སྔོ་ཚལ་མང་ཆེ་བ་རུལ་འགྲོ་བ་དང་དགུན་དུས་གནམ་གཤིས་གྲང་ངར་ཆེ་བས་སྔོ་ཚལ་མང་ཆེ་བ་འཁྱགས་འགྲོ་གི་ཡོད། ད་ཆ་ཐུང་ཧའོ་དང་ཁོག་སྟོང་ཚལ་སོགས་ལོ་མ་ཡོད་པའི་རིགས་ཀྱི་སྔོ་ཚལ་དེ་དག་གཞི་རྩའི་ཆར་ལྷ་ས་ནས་ཐོན་གྱི་ཡོད་པས་ཉིན་ལྟར་མཁོ་སྤྲོད་འདང་ངེས་ཡོད་ལ་རིན་གོང་དེ་སྔ་ལས་ཁེ་བ་ཡོད་པ་མ་ཟད་སོས་པ་སོས་རྐྱང་རེད”ཅེས་གནམ་གཤིས་ཅུས་ཀྱི་ཞིང་ཚོང་ཁྲོམ་རའི་ཚོང་པ་ཞུས་ཏུང་གིས་བཤད།

    དུས་ཡུན་རིང་པོའི་ནང་། ལྗོངས་ཡོངས་ཀྱི་ཚན་ཞིབ་མི་སྣས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ད་ཆ་མང་ཚོགས་ཀྱིས་ས་གནས་དེ་གར་བཏབ་པའི་སྔོ་ཚལ་དང་ཤིང་ཏོག་སོས་པ་དེ་བས་མང་བ་ཟ་རྒྱུ་བྱུང་བ་ལས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བཟའ་བཏུང་གྲུབ་ཆ་ལེགས་སུ་ཕྱིན་པ་དང“ཤ་ཚལ་སྒོང”གསུམ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ཞིང་དུད་ཀྱི་ཡོང་འབབ་ཀྱང་མང་དུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།