དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། གཙོ་བདག་གི་ཕྱི་འབྲེལ་ཁྲིད་སྟོན་འོག་ཀྲུང་ཨའི་འབྲེལ་བ་དུས་རབས་གསར་པར་སླེབས་ཡོད། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་ཁེ་ཕན་གྱི་གཅིག་མཐུན་ཚོགས་པ་དང་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་གྲོས་འགོ་ཐོག་མར་བཏོན་གནང་བ་ནས་2022ལོར་ཀྲུང་ཨ་ཕྱོགས་གཉིས་པོའི་འགོ་ཁྲིད་པས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་གཏོད་པར་མོས་མཐུན་མགྲིན་གཅིག་ཏུ་གནང་བའི་བར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཨ་རབ་ས་གཞི་ཆེན་པོར་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་དེ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།
ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་རང་བཙན་རང་བདག་མཐའ་འཁྱོངས་བྱས་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱས་ཤིང་། ཀྲུང་གོས་ཨ་རབ་ཀྱི་རྒྱལ་ཁབ་14དང་ཨ་རབ་མནའ་འབྲེལ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའམ་ཡང་ན་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ཨ་རབ་རྒྱལ་ཁབ་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བརྟེན་འཚོལ་ཞིབ་བྱེད་པར་ཀྲུང་གོས་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད་པ་དང་། ཨ་རབ་རྒྱལ་ཁབ་ཀྱིས་ཀྱང་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད།
ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཏེ་མཉམ་ལས་གཉིས་ཁེ་ཡོང་བར་བྱས་ཤིང་། ཀྲུང་གོ་འདི་ཉིད་ཨ་རབ་རྒྱལ་ཁབ་ཀྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་དང་པོ་ཡིན་པའི་གནས་བབ་བརྟན་པོ་ཡོད་པ་དང་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱི་ཐད་ཀའི་མ་འཇོག་གསོག་ཚད་ཨ་སྒོར་དུང་ཕྱུར་300ལས་བརྒལ་ཡོད། ཀྲུང་གོས་ཨ་རབ་ཀྱི་རྒྱལ་ཁབ་22ཚང་མ་དང་དེ་བཞིན་ཨ་རབ་མནའ་འབྲེལ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་མཉམ་ལས་རྣམ་གྲངས་ཆེ་གྲས་ཁག་200ལྷག་ཙམ་ལག་བསྟར་བྱས་པ་དང་མཉམ་ལས་གྲུབ་འབྲས་ལས་ཕྱོགས་གཉིས་པོའི་མི་དམངས་དུང་ཕྱུར་20ཙམ་ལ་ཕན་པ་ཐོབ་ཡོད།
ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བྱས་ནས་ཐུན་མོང་གི་བདེ་འཇགས་ལ་སྐུལ་འདེད་བཏང་ཞིང་། འཛམ་གླིང་དབུས་ཤར་ས་ཁུལ་དུ་གླེང་མང་བའི་གནད་དོན་མཉམ་དུ་གནས་པ་དང་འགལ་ཟླ་རྙོག་འཛིང་ཆེན་པོ་ཡོད། ཀྲུང་གོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་ཧུར་ཐག་བཏང་ནས་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་མཐའ་འཁྱོངས་དང་། ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པ་མཐའ་འཁྱོངས། ཕྱི་རོལ་ཡུལ་དང་མཐུན་པའི་དྲང་གཞག་མཐའ་འཁྱོངས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བཅས་བྱས་ཏེ། གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་ཀྱི་ཡོད།
ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་ཤེས་དཔལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་བསམ་ཤེས་དང་ཡིད་ཆེས་ཟབ་ཏུ་བཏང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་ནས་བཙུགས་པའི་ཀྲུང་ཨའི་སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དེ་ཕྱོགས་གཉིས་པོས་སྒྱུར་བཅོས་སྒོ་དབྱེ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་པའི་བསམ་བློའི་ལས་སྟེགས་ཤིག་ཏུ་གྱུར་ཡོད། ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་དང་། གསར་འགྱུར། གྲོང་ཁྱེར། དམངས་ཁྲོད་མཛའ་གྲོགས་སོགས་ཁྱབ་ཁོངས་ཁག་གི་མི་ཆོས་རིག་གནས་སྤེལ་རེས་ལམ་སྲོལ་བཙུགས་ཡོད། དམངས་འདོད་བརྟག་དཔྱད་ལས་མངོན་པར་གཞིགས་ན། ཀྲུང་ཨའི་དམངས་ཚོགས་དང་ལྷག་པར་དུ་གཞོན་ནུ་མི་རབས་ཀྱིས་རྒྱལ་ཁབ་ཕན་ཚུན་ལྷག་བསམ་ཟོལ་མེད་དང་། མཛའ་བརྩེ་ཟབ་པ། བློས་འགེལ་ཆོག་པ་བཅས་ཀྱི་གྲོགས་པོར་བརྩི་གི་ཡོད་པས་ཀྲུང་ཨའི་མཛའ་གྲོགས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
ཨ་རབ་མནའ་འབྲེལ་གྱིས་ཨ་རབ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རང་སྟོབས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། ཀྲུང་ཨའི་དབར་གྱི་མཉམ་ལས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་རབ་མནའ་འབྲེལ་དབར་གྱི་འབྲེལ་བ་མཛའ་ཞིང་མཐུན་པ་ཡོད། ཨ་རབ་མནའ་འབྲེལ་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་མཁན་དང་པོ་དང་། ཀྲུང་གོ་དང་ཐུན་མོང་ཐོག་གྲངས་གཞིའི་བདེ་འཇགས་ཀྱི་གྲོས་འགོ་འདོན་མཁན་དང་པོ། ཀྲུང་གོ་ཕྱོགས་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་དོན་འཁྱོལ་ལ་མིང་རྟགས་འགོད་མཁན་དང་པོ་བཅས་ཀྱི་ས་ཁོངས་རྩ་འཛུགས་ཤིག་ཡིན་པ་མ་ཟད། ཨ་རབ་མནའ་འབྲེལ་ཕྱི་འབྲེལ་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་མཛའ་གྲོགས་གྲོས་ཆོད་ལ་ཆེད་མངགས་གྲོས་འཆམ་ཐེངས་44བསྟུད་མར་བྱས་ཡོད། ཀྲུང་ཨའི་འབྲེལ་བའི་མཛའ་གྲོགས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད།
ད་ལོ་ནི་ཀྲུང་ཨའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་ཡིན་པ་དང་། ཀྲུང་ཨའི་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཀྲུང་གོར་འཚོག་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཀྲུང་ཨའི་འབྲེལ་བར་མདུན་ལམ་གསར་པ་གཏོད་པ་དང་སྒུལ་ཤུགས་གསར་པ་བསྣན་ནས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད།
(རྩོམ་པ་པོ་ནི་ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དང་ཨ་རབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་དབང་ཆ་ཚང་མ་ཡོད་པའི་འཐུས་ཚབ་གཅིག་ལྕོགས་ཡིན)