ཞི་ཅིན་ཕིང་གིས་ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས། རྒྱལ་ཁབ་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཨུའི་འབྲེལ་བ་གོམ་པ་རིམ་བགྲོད་ཀྱིས་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ་མཉམ་ལས་ཀྱི་གྲུབ་འབྲས་དངོས་དངོས་རྗེན་རྗེན་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ད་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་འཕྲད་རྒྱུ་དང་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་རྒྱ་ཆེ་བ་མངོན་རྒྱུ་རེད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ལོ་མང་རིང་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ་བརྒྱུད། ཀྲུང་ཨུའི་དངོས་མང་སྟོན་ཚོགས་ནི་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གིས་སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱི་གོ་སྐབས་གང་ལེགས་སྤྱད་ནས་སྤེལ་རེས་གཏིང་ཟབ་དང་གོ་སྐབས་མཉམ་སྤྱོད་ཀྱིས་ཀྲུང་ཨུའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་མཉམ་དུ་ནུས་ཤུགས་འདོན་པ་དང་། རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པའི་བརྗོད་དོན་གཙོ་བོ་ནི“མཉམ་ལས་དང་། ཕན་ཚུན་ཡིད་ཆེས། གོ་སྐབས”ཞེས་པ་ཡིན་ཞིང་། ཚོང་དོན་པུའུ་དང་། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་། ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའུ། ཨུ་རུ་སུའི་བཟོ་ལས་དང་ཚོང་དོན་པུའུ་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་པ་དང་། དེ་ཉིན་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།