དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས།

    ཡུན་ནན་དང་སི་ཁྲོན་གྱི་འབྲུབ་འགོག་ཐན་འགོག་ལས་དོན་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-17

    རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་5ཚེས་7ནས་ཚེས་11ཉིན་བར་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་ཞིབ་བཤེར་ཚོགས་ཆུང་གིས་ལྷོ་ནུབ་ས་ཁུལ་གྱི་འབྲུབ་འགོག་ཐན་འགོག་ལས་དོན་ལ་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་ཚོགས་ཆུང་གིས་ཡུན་ནན་དང་སི་ཁྲོན་ཞིང་ཆེན་གཉིས་པོའི་འབྲི་ཆུ་དང་ཉག་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཤུགས་གློག་ཁང་དང་། ཆུ་མཛོད་འབྲིང་ཆུང་ཁག་གཅིག ཤྭ་འོད་ཀྱི་གནོད་འཚེ་ཕོག་ཡུལ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་འབྲུབ་འགོག་གྲ་སྒྲིག་གནས་ཚུལ་བཅས་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་དང་ཆབས་ཅིག རིགས་གཅིག་མཁས་ཅན་མངགས་ནས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་རྣམ་པའི་ཐོག་ནས་ལྐོག་ཞིབ་བྱས་ཏེ། འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར། འབྲུབ་འགོག་དངོས་ཟོག་གསོག་འཇོག་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གཏིང་ཟབ་བྱས་པ་མ་ཟད། ཞིང་ཆེན་གཉིས་ཀྱི་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཞིང་ཆེན་གྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་དབར་བསམ་འཆར་བརྗེ་རེས་ཀྱང་བྱས་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་ནན་བཤད་བྱས་དོན། རིམ་ཁག་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་རྒྱལ་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་བླང་བྱ་གཞིར་བཟུང་འབྲུབ་འགོག་དང་། ཉུང་གཏོང་། གེགས་སྐྱོབ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་མཉམ་དུ་ཤུགས་བརྒྱབ་སྟེ། འབྲུབ་འགོག་ཐན་འགོག་དང་ཉེན་འགོག་གེགས་སེལ་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། འབྲུབ་འགོག་ཐན་འགོག་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་བཏང་ནས་འགན་འཁྲི་དང་བྱེད་ཐབས་ཁག་གཞི་རིམ་དང་ཚན་པ་ཆུང་ངུར་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བསལ་ཏེ། དག་ཐེར་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱེད་དགོས། ཆུ་མཛོད་དང་ཆུ་ཤུགས་གློག་ཁང་གི་རྒྱུན་གཏན་དོ་དམ་དང་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ། ཆུ་ལོག་སྔོན་འགོག་ལས་གྲྭའི་ཕན་ནུས་གང་ལེགས་འདོན་པ་དང་། གཙང་པོ་རྒྱུག་ཁུལ་གྱི་ཆུ་ལོག་འགོག་སྲུང་ནུས་ལྡན་བྱེད་པ། རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་སྤྱི་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་སེལ་རོགས་སྐྱོབ་དང་གེགས་སེལ་བཅས་ཡག་པོ་བྱེད་དགོས། ཐན་འགོག་ལས་དོན་ཏན་ཏིག་བསྒྲུབས་ནས་ཐན་འགོག་གི་སྔོན་ཇུས་དང་འཕྲལ་སྡོམ་ཆུ་མཁོ་འདོན་གྱི་ཇུས་གཞི་སྣ་ཚོགས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།