དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་བྱ་གཞག་གི་སྟོན་གྲངས་ཁག་ལེགས་སུ་ཧུར་ཐག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-17

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་2023ལོའི་དབང་པོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས》(གཤམ་དུ《སྤྱི་བསྒྲགས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར། མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་བྱ་གཞག་གི་སྟོན་གྲངས་ཁག་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་མངོན་ནས་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2023ལོར་ཞིང་ཆེན་དེ་ཡོངས་སུ་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་སྒྲིག་གཞི་72ཡོད་པ་དེས་དབང་པོ་སྐྱོན་ཅན་ཁྲི་4.31ལ་གཞི་རྩའི་བདེ་ཐང་སླར་གསོའི་ཞབས་འདེགས་ཞུས་པ་དང་དབང་པོ་སྐྱོན་ཅན་ཁྲི་2.26ལ་གཞི་རྩའི་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་བྱས་པ་རེད།

    《སྤྱི་བསྒྲགས》ནང་མངོན་པར། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ལས་ཞུགས་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ལས་ཞུགས་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད། 2023ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་5.1ལས་ཞུགས་ཐུབ་པའི་ནང་བསྡུར་ཚད་ལྟར་ལས་ཞུགས་མི་གྲངས་5008དང་། གཅིག་སྡུད་ལས་ཞུགས་མི་གྲངས་1444 ཁེར་རྐྱང་ལས་ཞུགས་མི་གྲངས་2570 སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་ཞུགས་མི་གྲངས་1659 རམ་འདེགས་རང་བཞིན་གྱི་ལས་ཞུགས་མི་གྲངས་1038 སྟབས་བསྟུན་ལས་ཞུགས་མི་གྲངས་ཁྲི་1.75 ཞིང་ལས་འདེབས་གསོ་ལས་སྣོན་མི་གྲངས་ཁྲི་2.15བཅས་ཡོད། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་ཧུར་ཐག་བྱས་ནས་དབང་པོ་སྐྱོན་ཅན་མི་ཐེངས་2614ལ་དྲང་ནུས་སྦྱིན་ཡོད། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་ཞུགས་རོགས་སྐྱོར་རྟེན་གཞི་61གིས་ཁྱོན་དབང་པོ་སྐྱོན་ཅན་736ལས་ཞུགས་བཀོད་སྒྲིག་བྱས་ནས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་574ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

    སྲིད་ཇུས་དང་བྱེད་ཐབས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་བསྟུན་ནས་ཞིང་ཆེན་ཡོངས་ཀྱི་དམིགས་བསལ་སློབ་གསོའི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། མིག་སྔར། ཞིང་ཆེན་ཡོངས་ལ་དམིགས་བསལ་སློབ་གསོའི་མཐོ་རིམ་སློབ་འབྲིང་དཀྱུས་མ(པུའུ་དང་འཛིན་གྲྭ)1དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་140ཡོད་པ་དང་དབང་པོ་སྐྱོན་ཅན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ(འཛིན་གྲྭ)2ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་122ཡོད། མཐོ་རིམ་སློབ་གསོའི་དུས་མཚམས་སུ་དབང་པོ་སྐྱོན་ཅན་སློབ་མ་199བསྡུས་པའི་ནང་རབས་འབྱམས་ཞིབ་འཇུག་སློབ་མ་13དང་འབུམ་རམས་ཞིབ་འཇུག་སློབ་མ་1ཡོད། སྤྱི་ཚོགས་འགན་སྲུང་ཐད་2023ལོའི་ལོ་མཇུག་བར་དབང་པོ་སྐྱོན་ཅན་ཁྲི་12.35གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པ་དང་དབང་པོ་སྐྱོན་ཅན་ཁྲི་4.95ཡིས་རྒན་གསོའི་དངུལ་བླངས་ཡོད། ལོ་60མན་གྱི་འགན་བཅོལ་ནང་ཞུགས་པའི་དབང་པོ་སྐྱོན་ཅན་ཁྲོད་དབང་པོ་སྐྱོན་ཅན་ཚབས་ཆེན་ཁྲི་3.43དང་དབང་པོ་སྐྱོན་ཅན་ཚབས་ཆེན་མིན་པ་ཁྲི་3.01ལ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲད་ཡོད། དབང་པོ་སྐྱོན་ཅན་གྱི་གསོ་བཅོལ་ཞབས་ཞུར་སྐུལ་འདེད་བརྟན་པོ་བཏང་ནས་དབང་པོ་སྐྱོན་ཅན་1256གིས་ཞག་སྡོད་ལམ་ལུགས་དང་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ལས་ཁུངས་བརྒྱུད་གསོ་བཅོལ་ཞབས་ཞུ་དང་ལེན་བྱས་པ་དང་དབང་པོ་སྐྱོན་ཅན་3642ཀྱིས་ཁྱིམ་སྡོད་ཞབས་ཞུ་དང་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།