ཆུ་ཤུར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁོར་ཡུག་གཙང་སྦྲ་བར་དྲོ་སྐྱིད་སྦྱིན་པ།
ཉེ་ཆར། ཆུ་ཤུར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་རིང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ནང་ཆུ་ཤུར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁོར་ཡུག་གཙང་སྦྲ་བའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བསྔགས་བརྗོད་ཆེན་པོ་བྱས་པ་མ་ཟད། ཡུལ་མི་རྣམས་ལ་གཙང་ཐིང་ཐིང་གི་ཁོར་ཡུག་ཅིག་བསྐྲུན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེའང་ཞུས་པ་རེད། ཁོར་ཡུག་གཙང་སྦྲ་བས་མུ་མཐུད་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་དེ་བཞིན་དཀའ་སྡུག་ལ་མི་སྐྲག་པ་དང་། ངལ་དུབ་ལ་མི་སྐྲག་པ། བཙོག་ཟིང་ལ་མི་སྐྲག་པ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། སྤྱིར་བཏང་གི་ལས་གནས་ཐོག་ཉམས་བཟང་གསར་པ་བསྐྱར་དུ་མངོན་པ་དང་ལས་རྗེས་གསར་པ་བསྐྱར་དུ་བཏོད་ནས་མཛེས་སྡུག་ལྡན་པའི་ཁོར་ཡུག་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་ཆུ་ཤུར་འཛུགས་སྐྱོང་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་བཏོན་པ་རེད། བྱེད་སྒོའི་ནང་ལས་གནས་ཐོག་གི་ཁོར་ཡུག་གཙང་སྦྲ་བ་53ལ་ཁ་བཏགས་གཡོགས་པ་དང་འབྲེལ། མི་རེར་འཚམས་འདྲིའི་དངུལ་སྒོར་500རེ་སྤྲད་དེ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་དང་བྱམས་བརྩེའི་འཚམས་འདྲི་ཡང་ཞུས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། འཐབ་ས་དང་པོ་བརྟན་སྲུང་བྱེད་པའི་ཁོར་ཡུག་གཙང་སྦྲ་བ་རྣམས་ལ་ཏང་དང་སྲིད་གཞུང་དང་དེ་བཞིན་བཟོ་ཚོགས་རྩ་འཛུགས་ཀྱི“ནང་མི”ལྟ་བུའི་སེམས་ཁུར་དང་གཅེས་སྐྱོང་དངོས་སུ་ཚོར་དུ་བཅུག་ནས་ཁོང་ཚོའི་ལས་ཀའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་པ་རེད།