ཁྲོམ་རར་ལྟ་འདོམས་ནུས་ལྡན་བྱས། འཛད་སྤྱོད་ཁོར་ཡུག་ལེགས་སུ་བཏང་།
ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་བྲིན་ཁ་རྒྱུག་པ།
ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས་ཚགས་ཤ་སྐམ་པོ་དང་། དབྱར་རྩྭ་དགུན་འབུ། ཁ་ཆེ་ཤ་སྐམ་སོགས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད། འོ་ན། མིག་སྔར་བོད་དུ་ཡུལ་སྐོར་བས་ཁྱད་ལྡན་ཐོན་རྫས་གང་དག་ལ་དགའ་པོ་བྱེད་པ་དང་། ཐོན་རྫས་ཇི་ལྟར་འདེམས་དགོས་མིན། ཐོན་རྫས་ཉོ་སྐབས་ཅིའི་ཐད་ལ་དོ་སྣང་བྱེད་དགོས་མིན་བཅས་ཀྱི་ཐད་གསར་འགོད་པས་ཆེད་དུ་ཁྲོམ་རར་བསྐྱོད་ནས་ཤེས་རྟོགས་བྱས་པ་དང་འབྲེལ། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་བྱས་པ་ཡིན།
ཁྱད་ལྡན་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པ།
བར་སྐོར་ཁྲོམ་གཞུང་ནི་ཡུལ་སྐོར་བའི་སྐྱོད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་སྟབས། ཉེ་ཆར། གསར་འགོད་པས་ཆེད་དུ་བར་སྐོར་ཁྲོམ་གཞུང་དུ་བསྐྱོད་པ་ཡིན། དེ་གའི་ཁྱད་ལྡན་ཐོན་རྫས་ཚོང་ཁང་རྣམས་གཅིག་ལ་གཅིག་འབྲེལ་དུ་ཡོད་པ་དང་། ཡུལ་སྐོར་ཁྲོམ་ར་ཉིན་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཚོང་ཁང་ཁག་ཏུ་མི་ཚོགས་ཕར་འགྲོ་ཚུར་འོང་བྱེད་ཅིང་། ཚོང་ཁང་ནང་ཁྱད་ལྡན་ཐོན་རྫས་འདེམས་མཁན་གྱི་ཡུལ་སྐོར་བས་འཚང་ཁས་ཁེངས་འདུག
ཚོང་ཁང་གི་སྦྱིན་བདག་ཅིང་ཙེ་ཡིས་ལྷ་སར་ཁྱད་ལྡན་ཐོན་རྫས་ཚོང་བརྒྱབ་ནས་ལོ་11འགྲོ་གི་ཡོད། ཁོང་གིས་གསར་འགོད་པར། ཉེ་ཆར་ཁ་ཆེ་ཤ་སྐམ་དང་ལག་ཕྲེང་བྲིན་ཁ་རྒྱུག་པོ་འདུག ཁ་ཆེ་ཤ་སྐམ་ཁེ་རེ་བྱས་ནས་འཚོང་བ་དང་སྤུས་ཚད་ཀྱི་ཁྱད་པར་ལ་གཞིགས་ཏེ་རིན་གོང་ཡང་འདྲ་ཡི་མེད། མུ་ཏིག་ལག་ཕྲེང་གི་རིན་གོང་སྒོར་བཅུ་ཕྲག་ཁ་ཤས་ནས་བརྒྱ་ཕྲག་ཁ་ཤས་བར་མི་གཅིག་པ་ཡོད་པས། དེ་ནི་གཉེན་ཉེ་དང་གྲོགས་པོར་སྤྲོད་པའི་ལག་རྟགས་ཡག་ཤོས་རེད་ཅེས་བརྗོད།
དེས་ན། ཁྱད་ལྡན་ཐོན་རྫས་འདེམས་ཉོ་ཇི་ལྟར་བྱེད་དགོས་ཞེ་ན། ཅིང་ཙེ་ཡིས་ངོ་སྤྲོད་བྱས་པར། ཁ་ཆེ་ཤ་སྐམ་ཉོ་སྐབས་ཞིབ་དྲགས་རྒྱུ་མེད། ཞིབ་དྲགས་ན་ཉར་ཡུན་ཐུང་བས་སོས་པ་མེད། འདེམས་ཉོ་བྱེད་སྐབས་ཚོས་གཞི་དམར་ཙམ་བདམས་ན་སྤུས་ཚད་དེ་བས་ཡག་པ་ཡོད། གཞན་ཡང་། ལག་ཕྲེང་ཉོ་སྐབས་ཀྱང་དབྱེ་བ་ཡག་པོ་འབྱེད་དགོས། ཉོ་སྐབས་ཕྱི་ཚུལ་དང་རི་མོར་ལྟ་དགོས་ཤིང་། སྤྱིར་བཏང་དུ་གལ་ཏེ་ཕྲེང་རྡོག་ཚང་མའི་རི་མོ་དང་ཚོས་གཞི་གཅིག་པ་གཅིག་རྐྱང་ཡིན་ན་དེ་ནི་རྫུན་མ་ཡིན་པའི་ཉེན་ཁ་ཡོད་པ་རེད།
ཁྱད་ལྡན་ཐོན་རྫས་ཀྱི་ཚོང་ཁང་ཆུང་ཆུང་ཕུད། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་འགའ་ཤས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་བྲིན་ཁ་རྒྱུག་པོ་ཡོད་ཅིང་། ཁྱད་ལྡན་ཐོན་རྫས་ཀྱི་སྒོ་རྩིས་ཚོང་ཁང་ཞིག་ཏུ་གསར་འགོད་པས་ཡུལ་སྐོར་བ་མང་པོས་ཅ་ལག་མང་པོ་ཉོས་ཡོད་པ་མཐོང་བྱུང་།
སྲིད་ཇུས་བཏོན་ནས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ།
གསར་འགོད་པས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བར། ཉིན་ཤས་བསྟུད་མར། ལྷ་སའི་ཚོང་པ་མི་ཉུང་བ་ཞིག་གི་ཁྱད་ལྡན་ཐོན་རྫས་ཚོང་ཚད་ལོ་འགོ་ལས་མངོན་གསལ་དོད་པོས་འཕར་བ་དང་དེའི་ནང་ཚགས་ཤ་སྐམ་པོ་ནི་ཡུལ་སྐོར་བའི་དགའ་ཤོས་ཡིན་ལ་བྲིན་ཁའང་རྒྱུག་པོ་ཡོད། “ང་ལ་ཤ་བྲོ་ལྡན་རྒྱ་མ་གཉིས་དང་ཁ་ཚ་རྒྱ་མ་གང་དགོས། ཡུན་ནན་དུ་སྐུར་མཁན་ཡིན”ཞེས་གཡུ་ཐོག་ལམ་གྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་ཞིག་ཏུ་ལོ་46ལ་སླེབས་པའི་ཡུལ་སྐོར་བ་ཅིང་ལགས་ཀྱིས་ཚགས་ཤ་སྐམ་པོ་ཉོ་བཞིན་འདི་ལྟར་བརྗོད་ཅིང་། ཨ་ཅག་ཅིང་ལགས་ཀྱིས། ང་ལྷ་སར་ཐོག་མར་སླེབས་སྐབས་ཚགས་ཤ་སྐམ་པོའི་བྲོ་བ་ལྟ་མྱོང་ཡོད། བྲོ་བ་ཞིམ་པོ་འདུག་པས་ཕ་ཡུལ་དུ་མ་ལོག་གོང་ཆེད་མངགས་ཉོས་ནས་ཁྱིམ་ལ་བསྐུར་ཏེ་ནང་མི་དང་མཉམ་དུ་ཟ་ཡི་ཡིན་ཞེས་བཤད། ཡུལ་སྐོར་བ་མང་བ་དང་ཁྱད་ལྡན་ཐོན་རྫས་བྲིན་པོ་ཡོད་སྟབས་རྫུན་མ་བསྲེས་ནས་འཚོང་བའི་གནས་ཚུལ་ཡང་རྟག་ཏུ་ཐོན་གྱི་ཡོད།
ཚགས་ཤ་སྐམ་པོ་ཚོང་མཁན་ལི་ལགས་ཀྱིས་གསར་འགོད་པར། ཉེ་བའི་ལོ་ཤས་རིང་། ཁྲོམ་རའི་ཐོག་ཚོང་པ་འགའ་ཤས་ཀྱིས་ཁྲིམས་འགལ་ངང་བྱ་གག་གི་ཤ་དང་ཕག་ཤ་ཡིས་ཚགས་ཤ་ཡིན་ཁུལ་བྱས་ནས་བཙོངས་ཏེ་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་དཀྲུག་གི་ཡོད། ཟང་ཟིང་གི་གནས་ཚུལ་དེ་རིགས་ལ་དམིགས་ཏེ་རང་ལྗོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲོམ་རའི་ལྟ་འདོམས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྫུན་ལྷད་ཞན་གསུམ་དང་། རྒྱ་སྲང་ཆད་པ། མགྲོན་པོ་གཙབ་པ་སོགས་ཀྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དཀྲུག་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ཡོད།
ལི་ལགས་ཀྱིས། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་མཛུབ་ཁྲིད་འོག་ང་ཚོས་གཉེར་སྐྱོང་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱས་ནས་ཚོང་ཟོག་གི་རིན་གོང་གསལ་པོར་བཀོད་ཡོད་པ་མ་ཟད། ཚགས་ཤ་དང་བྱ་གག་གི་ཤ ཕག་ཤ་སྐམ་པོ་བཅས་དབྱེ་བ་ཕྱེ་ནས་བཞག་པའི་ཐོག་དེ་མཚུངས་ཀྱི་གོང་ཚད་ཀྱང་སྦྱར་ནས་འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་འགན་ལེན་བྱས་ཡོད་ཅེས་བརྗོད།
ཉོ་སྒྲུབ་འཚམ་པོ་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ།
ཡུལ་སྐོར་བས་ཁྱད་ལྡན་ཐོན་རྫས་ཉོ་སྐབས་གང་ལ་དོ་སྣང་བྱེད་དགོས། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཡུལ་སྐོར་བྱེད་རིང་ཡུལ་སྐོར་སྣེ་ཤན་པའི་ཁ་ཏ་སློབ་སྟོན་དང་། ཚོང་པས་དྲིལ་བསྒྲགས་བྱེད་པ། ངག་ཐོག་ནས་ཁས་ལེན་བྱེད་པ་བཅས་ཀྱི་ཐད་འཛད་སྤྱོད་པས་དོགས་ཟོན་བྱེད་དགོས། ཚོང་ཟོག་མ་ཉོས་གོང་སྔོན་ལ་རང་ངོས་ཀྱི་འཛད་སྤྱོད་ནུས་པར་གཞིགས་ཏེ་ཐུམ་སྒྲིལ་སྟབས་བདེ་ལ་སྤུས་ཚད་ལོན་པའི་ཚོང་ཟོག་རང་འགུལ་ངང་འདེམས་དགོས། ལྷག་པར་དུ། སྨན་རྩྭ་དང་ཐང་ག་སོགས་འཛའ་ཐང་མཐོ་བའི་ཚོང་ཟོག་ཉོ་སྐབས་ངེས་པར་དུ་ཐོན་རྫས་ཀྱི་ཁྱད་ཆོས་རང་ཉིད་ཀྱི་དགོས་མཁོ་དང་མཐུན་མིན་ཤེས་རྟོགས་གང་ལེགས་བྱེད་དགོས་པ་དང་། རྫུན་མ་འདྲེས་ཡོད་མེད་དང་། དྲིལ་བསྒྲགས་རྫུན་མ་བྱེད་མིན། ཐུམ་སྒྲིལ་ཚད་ལས་བརྒལ་མིན་སོགས་ཀྱི་གནད་དོན་ཡོད་མེད་ལ་ཡིད་འཇོག་བྱེད་པ་ལས་སྣང་མེད་དུ་ཉོ་རྒྱུ་མེད། བཟའ་བཅའ་སིལ་མ་ཉོ་སྐབས་གཉེར་སྐྱོང་པའི་ལག་ཁྱེར་ཆ་ཚང་མིན་དང་། ཕྱིར་འཚོང་ཁོར་ཡུག་གཙང་མ་ཡོད་མེད། བཟོ་སྟངས་ཚད་ལྡན་ཡིན་མིན། བླུགས་སྣོད་ལ་བཟའ་བཅའི་མིང་དང་། ཐོན་སྐྱེད་དུས་ཚོད། ཐོན་སྐྱེད་ཨང་གྲངས་བཅས་བཀོད་མིན་ལྟ་དགོས།
ཉོ་སྒྲུབ་དཔང་འཛིན་ནི་འཛད་སྤྱོད་པ་དང་ཚོང་པའི་དབར་འཛད་སྤྱོད་ཀྱི་རྩོད་གཞི་བྱུང་རྗེས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་དཔང་རྟགས་གལ་ཆེན་ཞིག་ཡིན། རྒྱ་ཆེའི་འཛད་སྤྱོད་པས་ཚོང་ཟོག་ཉོ་བ་དང་བེད་སྤྱོད་བྱེད་པའམ་ཡང་ན་ཡུལ་སྐོར་དང་ཕྱིར་སྐྱོད་རིང་འཛད་སྤྱོད་བྱེད་སྐབས་ངེས་པར་དུ་བཙོངས་འཛིན་དང་། བྱུང་འཛིན། གཏོང་སྤྲོད་ཐོ་འགོད། ཚོང་པའི་དྲིལ་བསྒྲགས་ཁས་ལེན་སོགས་ཀྱི་འཛད་སྤྱོད་དཔང་འཛིན་ལེན་པ་དང་ཉར་ཚགས་ཡག་པོ་བྱེད་དགོས། ཚོང་པའི་མིང་དང་ས་གནས་སོགས་ཀྱི་ཆ་འཕྲིན་ལ་སྣང་འཇོག་གིས་སྔོན་ཚུད་ནས་དོགས་ཟོན་ཡག་པོ་བྱས་ཏེ་གནས་ཚུལ་ཐོན་རྗེས་ཁེ་དབང་སྲུང་སྐྱོང་བྱེད་བདེ་པོ་ཡོང་བར་བྱེད་དགོས།