བོད་ལྗོངས་སློབ་ཆེན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་གཉིས་པ་འགོ་ཚུགས་པ།
ཉེ་ཆར། བོད་ལྗོངས་སློབ་ཆེན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་གཉིས་པ་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་འགོ་ཚུགས་མཛད་སྒོར་ཞུགས་ནས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྐབས་འདིའི་བོད་ལྗོངས་སློབ་ཆེན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་གསུམ་ཡིན་པ་དང་འགྲན་བསྡུར་རྣམ་གྲངས་ཁག་49ཡོད་པའི་ནང་སློབ་མའི་འགྲན་བསྡུར་རྣམ་གྲངས་ཁག་26དང་དགེ་རྒན་གྱི་རྣམ་གྲངས་ཁག་23ཡོད་པ་རེད། འཐུས་མི་རུ་ཁག་17དང་དགེ་སློབ་893འགྲན་བསྡུར་རྣམ་གྲངས་ཁག་ལ་ཞུགས་རྒྱུ་རེད། ཤན་འབྱེད་དགེ་སློབ་85དང་དང་བླངས་པ་དང་ལས་དོན་པ་80ལྷག་ཙམ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སློབ་ཆེན་གྱིས་ལུས་རྩལ་ལས་དོན་དང་ལུས་རྩལ་སློབ་གསོ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས“སློབ་གསོ་ལྔ་མཉམ་སྤེལ”གྱི་སློབ་གསོའི་སློབ་ཁྲིད་མ་ལག་ཏན་ཏིག་བཙུགས་ཏེ་ལུས་རྩལ་སློབ་གསོ་དང་ལུས་རྩལ་སྦྱོང་བརྡར་ཁྲོད་དགེ་སློབ་རྣམས་ཀྱི་སྤྲོ་སྣང་འཕེལ་བ་དང་། གཟུགས་གཞི་བདེ་ཐང་དང་། འདུ་ཤེས་ཞུན་བརྡར་བཅས་ལ་སྐུལ་འདེད་བཏང་སྟེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཡོད།