ཧྥ་ཀྲུང་ཕྱོགས་གཉིས་པོས་ཕན་ཚུན་གྱི་རིག་གནས་ལ་ཡིད་སྨོན་བྱེད་པ།
ང་ཚོས་ཧྥ་རན་སེའི་ན་གཞོན་ལ་ཀྲུང་གོ་དང་ཨེ་ཤེ་ཡའི་ལོ་རྒྱུས་ཤེས་རྟོགས་བྱེད་པར་རོགས་རམ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་འདས་ཟིན་པའི་ལོ་རྒྱུས་ལ་ཤེས་རྟོགས་ཐུབ་ཚེ་གཞི་ནས་ཀྲུང་གོའི་ད་ལྟའི་གནས་ཚུལ་ཤེས་རྟོགས་ཐུབ་ལ། གཞི་ནས་ཕན་ཚུན་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་ཐུབ། “ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད” 2014ལོའི་ཟླ་3པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་གཏམ་བཤད་གལ་ཆེན་གནང་ནས། ཀྲུང་གོ་ཕྱོགས་ཀྱིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་འདོད་ཚུལ་རྒྱས་བཤད་གནང་བ་མ་ཟད། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བར་ང་རང་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
ཧྥ་རན་སེའི་རྒྱལ་བཙུགས་ཅི་མེ་ཨེ་ཤེ་ཡའི་སྒྱུ་རྩལ་རྟེན་མཛོད་ཁང་ནི་ཡོ་རོབ་ཀྱི་ཨེ་ཤེ་ཡའི་སྒྱུ་རྩལ་རྟེན་མཛོད་ཁང་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། རྟེན་མཛོད་ཁང་དེའི་ཀོན་ཀྲང་ཡིན་པའི་ང་ལ་ཧྥ་རན་སེའི་མི་དམངས་དང་ཡོ་རོབ་ཀྱི་མི་དམངས་ཚོས་ཨེ་ཤེ་ཡར་འཛིན་པའི་ལྟ་སྟངས་ཡག་པོ་འཛིན་རྒྱུའི་འགན་འཁྲི་ཡོད། ང་ཚོའི་ན་གཞོན་མི་རབས་ཚོས་ངེས་པར་དུ་ཤེས་དཔལ་གཞན་དག་ཤེས་རྟོགས་བྱེད་དགོས་ལ། དེའི་ནང་ནས་ཨེ་ཤེ་ཡའི་ཤེས་དཔལ་དང་ལྷག་པར་དུ་ཀྲུང་ཧྭའི་ཤེས་དཔལ་ཤེས་རྟོགས་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད། ང་ཚོས་ཧྥ་རན་སེའི་ན་གཞོན་ཚོས་ཀྲུང་གོ་དང་ཨེ་ཤེ་ཡའི་ལོ་རྒྱུས་ཤེས་རྟོགས་བྱེད་པར་རོགས་རམ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་འདས་ཟིན་པའི་ལོ་རྒྱུས་ལ་ཤེས་རྟོགས་ཐུབ་ཚེ་གཞི་ནས་ཀྲུང་གོའི་མིག་སྔའི་གནས་ཚུལ་ཤེས་རྟོགས་ཐུབ་ལ། གཞི་ནས་ཕན་ཚུན་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་ཐུབ།
དུས་ཡུན་རིང་པོའི་ནང་། ཧྥ་ལན་ཤིས་ཀྱི་ཤེས་དཔལ་དང་ཀྲུང་ཧྭའི་ཤེས་དཔལ་ཕན་ཚུན་མྱོང་རོལ་དང་དཔྱད་གཞིར་འཛིན་རེས་བྱེད་ཀྱི་ཡོད། འདི་ལོའི་ཟླ་4ཚེས་1ཉིན། ང་རང་གནའ་བོའི་ཕོ་བྲང་དུ“གོང་མའི་ཕོ་བྲང་དང་ཧྥན་ཨེར་སའེ་ཕོ་བྲང་། དུས་རབས་17དང་18པའི་ཀྲུང་གོ་དང་ཧྥ་རན་སེའི་འགྲོ་འོང”ཞེས་པའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་ཡིན། འགྲེམས་སྟོན་འདི་ལས་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོས་རིག་གནས་ཐད་ཕན་ཚུན་ཤུགས་རྐྱེན་ཐེབས་རེས་བྱེད་པ་མངོན་ཡོད། ངས་ཤེས་གསལ་ལ། དུས་རབས་20པའི་ཧྥ་རན་སེའི་རི་མོ་མཁས་ཅན་ཕི་ཨེར·སུའུ་ལཱ་རེ་སོགས་ཀྱིས་ཀྲུང་གོའི་སྒྱུ་རྩལ་དང་ལྷག་པར་དུ་ཡིག་གཟུགས་ལ་དགའ་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་རི་མོ་མཁས་ཅན་གྱི་རི་མོ་འབྲི་བའི་ནང་ཧྥ་ཀྲུང་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་གྱི་ཉམས་འགྱུར་ཡང་འདྲེས་ཡོད། ཧྥ་ཀྲུང་ཕྱོགས་གཉིས་པོས་ཕན་ཚུན་གྱི་རིག་གནས་ལ་ཡིད་སྨོན་བྱེད་བཞིན་པའི་མཛེས་སྡུག་ལྡན་པའི་འགྲོ་འོང་གི་གཏམ་རྒྱུད་མང་པོ་ཞིག་ཡོད།
འདི་ལོའི་ཟླ་བ་3པ་དང་ཟླ་བ་4པའི་ནང་། ངས་ཀྲུང་གོར་དུས་ཡུན་གཟའ་འཁོར་3རིང་གི་འཚམས་འདྲི་བྱས་པ་དང་། ཤང་ཀང་རྒྱལ་སྤྱིའི་རིག་གནས་མཐོ་རིམ་གླེང་སྟེགས་སྐབས་དང་པོར་ཞུགས་པ་མ་ཟད། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2024ལོའི་ལོ་ཚོགས་ནང་ཞུགས་ནས། ཏུན་ཧོང་ཞིབ་འཇུག་ཁང་དང་། ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་། གནའ་བོའི་ཕོ་བྲང་གི་རྟེན་མཛོད་ཁང་བཅས་དང་མཉམ་ལས་གྲོས་མཐུན་ཡང་བཞག་པ་ཡིན། ངས་ཀྲུང་གོའི་རྟེན་མཛོད་ཁང་དུ་དུས་ཡུན་རིང་པོ་བསྡད་པ་ཡིན་ལ་ང་ལ་བག་ཆགས་ཟབ་མོ་ཡང་བཞག་བྱུང་། ཀྲུང་གོར་རྟེན་མཛོད་ཁང་6000ལྷག་ཙམ་ཡོད་རུང་། ངས་དེའི་ནང་གི་རྟེན་མཛོད་ཁང་20ཙམ་ལ་མ་གཏོགས་འགྲོ་མྱོང་མེད། དེ་དག་ལས་ཀྲུང་གོས་འགྲེམས་སྟོན་ཁང་དང་སྒྲིག་གཤོམ་ཁང་ཐད་འབད་འབུངས་བྱས་པ་གང་ལེགས་ཚོར་བྱུང་། ཀྲུང་གོའི་རྟེན་མཛོད་ཁང་དུ་ན་གཞོན་གྱིས་ཁེངས་ཡོད་པས། དེའི་ཐད་མི་རྣམས་ཀྱིས་ཡིད་སྨོན་སྐྱེ་དགོས་པ་ཞིག་འདུག ཅི་མེ་རྟེན་མཛོད་ཁང་གིས་དེའི་ཐད་མུ་མཐུད་འབད་བརྩོན་བྱས་ནས་ན་གཞོན་ལྟད་མོ་བ་དེ་བས་མང་བའི་ཡིད་དབང་བཀུག་སྟེ། ཁོང་ཚོས་ཨེ་ཤེ་ཡ་དང་ཀྲུང་གོར་ཤེས་རྟོགས་དེ་བས་ལེགས་པ་བྱེད་པར་རོགས་རམ་ཐུབ་རྒྱུའི་རེ་བ་ཡོད།
(རྩོམ་པ་པོ་ནི་ཧྥ་རན་སེའི་རྒྱལ་བཙུགས་ཅི་མེ་ཨེ་ཤེ་ཡའི་སྒྱུ་རྩལ་རྟེན་མཛོད་ཁང་གི་ཀོན་ཀྲང་ཡིན་པ)