ཁྲོམ་རའི“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་འཛད་སྤྱོད་འགྲེམས་སྟོན་བྱེད་འགོ་ཚུགས་པ།
བོད་ཀྱི་ཐོན་རྫས་སྣ་ཁ་བཞི་བརྒྱ་ལྷག་ཙམ་ཧྲང་ཧའེ་རུ་འགྲེམས་ཚོང་བྱེད་པ།
ཉེ་ཆར། ཧྲང་ཧའེ་རུ“རི་མཚོ་འབྲེལ་བའི་བཀྲ་ཤིས་འདུ་འཛོམས-ཁྲོམ་རའི‘ཚོགས་སྒྲིག་ཆུང་ངུའི’བོད་སྐྱོར་འཛད་སྤྱོད་འགྲེམས་སྟོན”བྱེད་འགོ་ཚུགས་ཤིང་། ད་རེས་ཀྱི་འཛད་སྤྱོད་འགྲེམས་སྟོན་ཟླ་5ཚེས་17ཉིན་བར་བྱ་རྒྱུ་རེད།
ལྷ་ས་དང་། གཞིས་རྩེ། ནག་ཆུ། ལྷོ་ཁ་བཅས་གྲོང་ཁྱེར་4ནས་ཡོང་བའི་ཁེ་ལས་93གྱིས་ཁྱད་ལྡན་ཐོན་རྫས་སྣེ་ཁ་400ལྷག་ཙམ་ཁྱེར་ཏེ་འགྲེམས་སྟོན་ནང་ཞུགས་ཡོད་པ་རེད། ད་རེས་ཀྱི་བྱེད་སྒོ་ནི་བོད་སྐྱོར་འཛད་སྤྱོད་ཀྱི་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་ལ་ཧྲང་ཧའེ་ཡི“ལྔ་ལྔའི་ཉོ་སྒྲུབ་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཀྱང་རེད། ལྷག་པར་དུ་ཐོན་རྫས་མང་པོ་ཞིག་ཧྲང་ཧའེ་གྲོང་མིའི་འཛད་སྤྱོད་གོམས་གཤིས་དང་མཐུན་ལ་ཟུར་སྣོན་རིན་ཐང་མཐོ་བ་དང་ཁྲོམ་རའི་ཁས་ལེན་བྱེད་ཚད་ཡག་པོ་ཡོད་པས། འགྲེམས་ཚོང་བརྒྱུད་ནས་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་རྫས་དང་ཁྱད་ལྡན་ཐོན་རྫས་དག་ཧྲང་ཧའེ་ཡི་ཁྲོམ་རར་འཛུལ་བ་དང་ལས་སྟེགས་སུ་ཁྱབ་པར་སྔར་བས་སྐུལ་མ་ཐེབས་ཡོད། འགྲེམས་སྟོན་ནང་ཞུགས་པའི་ཐོན་རྫས་ལ་བོད་ཀྱི་ཁེ་ལས་ཀྱིས་རང་བརྟེན་གསར་སྤེལ་བྱས་པའི་ཐོན་རྫས་ཡོད་པ་མ་ཟད། ད་དུང་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་ཐོན་ལས་འཁོར་འབྲེལ་བརྒྱུད་མཉམ་ལས་གསར་སྤེལ་བྱས་པའི་ཐོན་རྫས་ཀྱང་ཡོད་པར་བརྟེན། མཚམས་སྒྲོལ་གཞི་རྒྱུ་དང་བོད་རང་སའི་གཞི་རྒྱུ་མཉམ་འདྲེས་སྔར་བས་མང་བ་མངོན་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་བོད་ལ་དེ་བས་ཤེས་རྟོགས་དང་མྱོང་ཚོར་ཐུབ་པ་དང་མི་རིགས་ཁག་དབར་དེ་བས་ལེགས་པའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།
ཧྲང་ཧའེ་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་ཕེང་དབྱི་ཧའོ་ཡིས། ད་རེས་ཀྱི་བྱེད་སྒོ་འདི་གོ་སྐབས་དང་འགོ་ཚུགས་སར་བྱས་ནས་མཉམ་དུ་ཁ་གཏད་རོགས་སྐྱོར་གྱི་མདུན་ཕྱོགས་དང་རྒྱབ་ཕྱོགས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ། ཁྲོམ་རའི“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་དང་ཡུལ་སྐོར“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་སོགས་བོད་སྐྱོར་བྱེད་སྟངས་མཐོ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། རོགས་སྐྱོར་དང་དང་ལེན་ཞུ་མཁན་ཕྱོགས་གཉིས་པོའི་མི་སྣ་དང་། ཁེ་ལས། ཐོན་ལས། ཐོན་རྫས་སོགས་སྔར་བས་གཏིང་ཟབ་པའི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཆེད་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་ཧྲང་ཧའེ་ཡི་བོད་སྐྱོར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།