ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་དགོས།
འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན། མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་ང་ཚོའི་རྒྱལ་ཁབ་ཆེན་པོ་འདིར་མཚོན་ན། ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཚད་ཡོད་ཀྱི་རྨོ་ཞིང་ཁོ་ནར་བརྟེན་ནས་མི་སྡོད་པར་བསམ་ཕྱོགས་རྒྱ་ཆེར་བཏང་ནས་ཟས་རིགས་ཆེན་པོའི་ལྟ་བ་འཛུགས་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཧྥུའུ་ཅན་དུ་ལས་ཀ་བྱེད་རིང་རི་ཁུལ་དུ་ལས་ཀ་བྱེད་མྱོང་ལ་མཚོ་རྒྱུད་དུ་ཡང་ལས་ཀ་བྱེད་མྱོང་ཡོད། དེ་དུས་ངས་ཟས་རིགས་ཆེན་པོའི་ལྟ་བ་བཏོན་པ་ཡིན ཤ་དང་། སྒོ་ང་། བཤས་བྱ། འོ་མ། ཉ། ཤིང་འབྲས། ཤ་མོ། ཇ་སོགས་ཚང་མ་ཟས་རིགས་ཡིན། དེར་བརྟེན་ངས་སྔ་རྗེས་སུ‘མཚོ་ཐོག་གི་ཧྥུའུ་ཀྲོའུ’དང‘མཚོ་ཐོག་གི་ཧྥུའུ་ཅན’འཛུགས་རྒྱུའི་གྲོས་འགོ་བཏོན་པ་ཡིན”ཞེས་གསུངས་ཡོད།
དུས་རབས་གསར་པ་ཤར་བ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་ཆེན་པོའི་ལྟ་བར་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ“ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ནས་རྨོ་ཞིང་དང་། རྩྭ་ཐང་། ནགས་ཚལ། རྒྱ་མཚོ། རྩི་ཤིང་དང་སྲོག་ཆགས་སྐྱེ་དངོས་ཕྲ་རབ་ནས་དྲོད་དང་སྤྲི་དཀར་བསྡུ་ལེན་བྱས་ཏེ་ཕྱོགས་ཡོངས་དང་ཐབས་ལམ་མང་པོའི་སྒོ་ནས་ཟས་རིགས་ཐོན་ཁུངས་གསར་སྤེལ་བྱེད་དགོས་པ”དང་། “སྐམ་ས་ནས་ཟས་རིགས་འཚོལ་དགོས་ལ་རྒྱ་མཚོ་ནས་ཀྱང་ཟས་རིགས་འཚོལ་དགོས། མཚོ་བཅད་ཉ་གསོ་ཡག་པོ་བྱས་ནས་མཚོ་ཐོག་འབྲོག་ར་དང‘མཚོ་ཐོག་བང་མཛོད’འཛུགས་དགོས” “ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་གལ་ཆེ་མཉམ་འཛིན་གྱིས་སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་དགོས” “ཁྱད་ལྡན་ཞིང་ལས་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ”བཅས་ཀྱི་ནན་བཤད་གནང་ནས་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་མགྱོགས་མྱུར་སྐྲུན་པ་དང་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཐུབ་པའི་འགན་ལེན་བྱེད་པར་བསམ་ཕྱོགས་དང་བྱེད་ཐབས་གལ་ཆེན་མཁོ་འདོན་གནང་ཡོད།
ཧྥུའུ་ཅན་གྱི་མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་བཞི་ཆ་གཅིག་ལས་ཟིན་གྱི་མེད། ལོ་30ལྷག་ཙམ་རིང་ཧྥུའུ་ཅན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཞིང་ལས་ཀྱི་ཁྱད་ལྡན་ལེགས་ཆར་གཞི་ཚུགས་ནས་ཟས་རིགས་ཆེན་པོའི་ལྟ་བ་བརྟན་པོ་བཙུགས་པ་དང་ལག་ལེན་གཏིང་ཟབ་བསྟར་ཏེ། འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་བརྟན་པོ་བཏང་བ་དང་། ཇ་ལོ་དང་། སྔོ་ཚལ། ཤིང་འབྲས། ཕྱུགས་རིགས་དང་བཤས་བྱ། ཆུ་ཐོན་དངོས་རྫས། ཤ་མོ། སྨྱུག་རྩ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་བས། ཟས་རིགས་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་པོ་དང་སྣ་མང་བྱུང་ནས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་དང་དེང་རབས་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་ཐོག་ནས་ཟས་རིགས་ཆེན་པོའི་ལྟ་བ་ལག་ལེན་བསྟར་བའི་སྟོབས་ཤུགས་གང་ལེགས་མཚོན་པ་དང་། ས་གནས་ཁག་གིས་ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པར་བློ་འབྱེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།
རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས། མི་སེར་གྱི་ཟས་རིགས་ཐད་ཀྱི་དགོས་མཁོ་ཡང་དེ་བས་སྣ་མང་ཅན་དུ་འགྲོ་བས་ཟས་རིགས་འཚོ་བཅུད་ལྡན་ལ་བདེ་ཐང་ལ་དེ་བས་མཐོང་ཆེན་བྱེད་དགོས་པར་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པ་དགོས། བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་སུ་ཉིན་ལྟར་འབྲུ་རིགས་ཏུན་ཁྲི་70དང་། སྣུམ་ཏུན་ཁྲི་9.8 ཚལ་ཏུན་ཁྲི་192 ཤ་ཏུན་ཁྲི་23བཅས་འཛད་སྤྱོད་བྱེད་ཀྱི་ཡོད། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལོ་རེའི་མ་བཅོས་འབྲུ་རིགས་འཛད་སྤྱོད་བྱེད་ཚད་དེ་1978ལོའི་སྤྱི་རྒྱ་248ཙམ་ནས་2022ལོའི་སྤྱི་རྒྱ་130ཙམ་བར་ཆག་ཡོད་པ་རེད། “ལྟོ་ཆས”ནི་འབྲུ་རིགས་ཟ་བ་ཙམ་མ་ཡིན་པར་ཤ་སྒོང་འོ་མ་དང་། ཤིང་ཏོག་ཚལ་ཉ། ཤ་མོ་སྨྱུག་རྩ་སོགས་ཚང་མའང་ཟ་ཆོག་པ་ཡིན། རྨོ་ཞིང་ཕུད་རང་རྒྱལ་ལ་ད་དུང་ནགས་ས་མུའུ་དུང་ཕྱུར་40ལྷག་ཙམ་དང་རྩྭ་ཐང་མུའུ་དུང་ཕྱུར་40ཙམ་ཡོད་པ་མ་ཟད་ད་དུང་ཆུ་བོ་དང་། གཙང་པོ། མཚེའུ། རྒྱ་མཚོ་སོགས་ཀྱི་ཐོན་ཁུངས་ཀྱང་འབོར་ཆེན་ཡོད། ང་ཚོས་འདུ་ཤེས་བསྒྱུར་ནས་ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྔར་བས་ལེགས་པར་སྐོང་བ་ནས་འགོ་བཙུགས་ཏེ། མི་དམངས་མང་ཚོགས་ཀྱི་ཟས་རིགས་ཀྱི་གྲུབ་ཆའི་འགྱུར་ལྡོག་འགྲོ་ཕྱོགས་ཁོང་དུ་ཆུད་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་བར་མཐོངས་རྒྱ་སྐྱེད་གཏོང་བ། སྣ་མང་ཕུན་སུམ་ཚོགས་པའི་ཟས་སྣ་གསར་སྤེལ་བྱེད་པ། ཟས་རིགས་སྣ་ཚོགས་མཁོ་སྤྲོད་དོ་སྙོམས་ཡོང་བ་བཅས་བྱས་ནས་ཉིན་རེ་བཞིན་སྣ་མང་ཅན་དུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་ཟས་རིགས་འཛད་སྤྱོད་ཀྱི་དགོས་མཁོ་སྔར་བས་ལེགས་པར་སྐོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་འཚམ་སར་འབྲུ་རིགས་འདེབས་པ་དང་། དཔལ་འབྱོར་སྐྱེ་དངོས་འཚམ་སར་དཔལ་འབྱོར་སྐྱེ་དངོས་འདེབས་པ། འབྲོག་ལས་འཚམ་སར་འབྲོག་ལས་གཉེར་བ། ཉ་ལས་འཚམ་སར་ཉ་ལས་གཉེར་བ། ནགས་ལས་འཚམ་སར་ནགས་ལས་གཉེར་བ་བཅས་བྱས་ནས་ཁྲོམ་རའི་དགོས་མཁོ་དང་འཚམ་པ་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་འཚམ་པའི་དེང་རབས་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་དང་ས་ཁོངས་བཀོད་པ་ཆགས་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ཧྥུའུ་ཅན་གྱིས་རི་འདབས་སུ་གནས་པའི་མཐུན་རྐྱེན་ལ་བརྟེན་ནས“ནགས་ཚལ་བང་མཛོད”གསར་སྤེལ་བྱས་པ་དང་། ཆུ་འགྲམ་དུ་གནས་པའི་མཐུན་རྐྱེན་ལ་བརྟེན་ནས“མཚོ་ཐོག་བང་མཛོད”བཏོད་པ། ལག་རྩལ་ལ་བརྟེན་ནས་སྒྲིག་ཆས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཁྱད་ལྡན་དེང་རབས་ཞིང་ལས་དེ་འོས་འཚམ་ཁུལ་དུ་གཅིག་སྡུད་དང་ཐོན་ལས་གླིང་དུ་གཅིག་སྡུད་བྱེད་པར་སྐུལ་འདེད་བཏང་ནས་ཟས་སྣ་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་བ་དང་། གྲུབ་ཆ་སྔར་བས་ལེགས་སུ་འགྲོ་བ། སྤུས་ཚད་སྔར་བས་འགན་ལེན་ཐུབ་པ་བཅས་བྱས་ཡོད། དོན་དངོས་ལ་གཞིགས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་མ་ལག་གི་འདུ་ཤེས་སྤྱོད་མཁས་པོ་བྱེད་པ་དང་། དགེ་མཚན་ཆེ་རིགས་འདོན་སྤེལ་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བ། ཡུལ་ཟོག་ཐོན་རྫས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཤུགས་རྒྱག་པ་བཅས་བྱས་ནས་ཟས་རིགས་མཁོ་སྤྲོད་བྱེད་པ་དེ་ཐོན་སྐྱེད་རྐྱང་པ་ནས་མཁོ་སྤྲོད་སྣ་མང་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
འབྲུ་རིགས་ཀྱི་བདེ་འཇགས་ཀྱི་རང་འགུལ་དབང་ཆ་ལག་ཏུ་དམ་པོར་བཟུང་ཚེ། གཞི་ནས་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་རང་འགུལ་དབང་ཆ་བརྟན་པོ་བཟུང་ཐུབ། སྔོན་ཆད་ནས་ད་ལྟའི་བར་དང་ཧྥུའུ་ཅན་ནས་རྒྱལ་ཡོངས་བར་ཟས་རིགས་ཆེན་པོའི་ལྟ་བའི་ཐོག་ནས་དེ་བས་ཁ་ཚ་དགོས་གཏུགས་ཀྱི་དངོས་ཡོད་དོན་སྙིང་མངོན་ལ་དེ་བས་རྩ་ཆེ་བའི་དུས་རབས་ཀྱི་རིན་ཐང་ཡང་ལྡན་ཡོད། རྒྱང་ལམ་གསར་པར་འབད་འབུངས་བྱས་ཏེ་ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཐོན་ཁུངས་ཀྱི་ཁྱད་ལྡན་ལེགས་ཆ་སྔོག་འདོན་གང་ལེགས་བྱེད་པ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཚེ། འབྲུ་རིགས་ཀྱི་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་བྱེད་ཐུབ་ངེས་རེད།