“མཚོ་ཐོག་བང་མཛོད”བསྐྲུན་ཏེ་རྒྱ་མཚོ་ནས་བཟའ་བཅའ་འཚོལ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ནི་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་ཡག་པོ་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་ན། ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ཏེ་སྐམ་ས་ནས་ཟས་རིགས་འཚོལ་དགོས་ལ། རྒྱ་མཚོ་ནས་ཀྱང་ཟས་རིགས་འཚོལ་དགོས། མཚོ་བཅད་ཉ་གསོ་ནས་མཚོ་ཐོག་འབྲོག་ར་དང“མཚོ་ཐོག་བང་མཛོད”སྐྲུན་དགོས་ཞེས་གསུངས་ཡོད།
རང་བྱུང་ཐོན་ཁུངས་པུའི་གཞུང་དོན་ཐིང་དང་ཞིང་ལས་གྲོང་གསེབ་པུའི་གཞུང་དོན་ཐིང་གིས་མཉམ་དུ《གསོ་སྤེལ་མཚོ་སྤྱོད་ཀྱི་དོ་དམ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ཡོད། དོ་དམ་ལེགས་སྒྲིག་ཇི་ལྟར་བྱེད་མིན་དང་གསོ་སྤེལ་མཚོ་སྤྱོད་ཞིབ་རྩིས་ཇི་ལྟར་བྱེད་མིན་ཐད། ཉེ་ཆར་རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་གྲོང་གསེབ་པུའི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བས་དོན་དེར་གསལ་འགྲེལ་བྱས་པ་རེད།
རྒྱ་མཚོ་ནས་ཚ་དྲོད་དང་སྤྲི་དཀར་བླངས་ཏེ“མཚོ་ཐོག་བང་མཛོད”སྐྲུན་དགོས།
གསོ་སྤེལ་མཚོ་སྤྱོད་ནི་རང་རྒྱལ་གྱིས་མཚོ་སྤྱོད་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཁོངས་སྤྱོད་པའི་རིགས་ཤིག་ཡིན། ཞིང་ལས་གྲོང་གསེབ་པུའི་འབྲེལ་ཡོད་སི་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་ལ་ད་ཆ་མཚོ་ཆུའི་གསོ་སྤེལ་རྒྱ་ཁྱོན་མུའུ་ཁྲི་3111ཡོད་པ་དང་རྨོ་ཞིང་མུའུ་དུང་ཕྱུར་18ཕུད་གསོ་སྤེལ་མཚོ་སྤྱོད་རྒྱ་མཚོ་ནས་ཚ་དྲོད་དང་སྤྲི་དཀར་ལེན་པ་དང་བཟའ་བཅའ་མཁོ་སྤྲོད་རྒྱ་ཆེར་གཏོང་བའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གལ་ཆེན་ཞིག་ཏུ་གྱུར་ཡོད།
རང་བྱུང་ཐོན་ཁུངས་པུའི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། 《བརྡ་ཐོའི》ནང་ཐོན་ཁུངས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་རྒྱུ་ནོར་གྱི་ཁེ་དབང་སྲུང་སྐྱོང་བཅས་ལ་གཞི་ཚུགས་ནས་གསོ་སྤེལ་མཚོ་སྤྱོད་དོ་དམ་ལེགས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་སྟེ།
གཅིག་ནི་རྒྱ་མཚོའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་གྱིས་སྤྱོད་པར་སྐུལ་འདེད་གཏོང་དགོས། མིག་སྔར། རང་རྒྱལ་གྱི་མཚོ་འགྲམ་དང་ཉེ་བའི་མཚོ་ཁོངས་གསར་སྤེལ་བྱེད་ཤུགས་ཆེ་བ་དང་། མཚོ་ཁོངས་ཆ་ཤས་སྤྱོད་པའི་བྱེད་ཐབས་རགས་ལས་དང་ལས་ཆོད་དམའ་ཙམ་ཡོད། གསོ་སྤེལ་མཚོ་སྤྱོད་དོ་དམ་ལེགས་སུ་བཏང་བ་བརྒྱུད་ཚན་རིག་དང་མཐུན་པའི་ངང་གསོ་སྤེལ་མཚོ་སྤྱོད་ཀྱི་གཞི་ཁྱོན་དང་བཀོད་པ་གཏན་འཁེལ་དང་རིམ་པ་མང་བའི་ཕྱོགས་བསྡུས་གསོ་སྤེལ་འཕེལ་རྒྱས་གཏོང་བར་ལྕག་སྐུལ་ཐེབས་རྒྱུ་མ་ཟད། མཚོ་ཆུའི་ཕྱོགས་བསྡུས་བར་མཐོངས་གང་ལེགས་སྤྱོད་ཆོག་པ་དང་མཚོ་ཁོངས་ཐོན་ཁུངས་སྤྱོད་ཚད་སྔར་བས་ཆེ་རུ་གཏོང་ཐུབ།
གཉིས་ནི་རྒྱ་མཚོའི་ཉ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་གྲོང་གསེབ་པུའི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་ཐོག་ཆུ་ཐོན་གསོ་སྤེལ་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རང་རྒྱལ་གྱིས་གསོ་སྤེལ་མཚོ་སྤྱོད་དོ་དམ་ལེགས་སུ་གཏོང་བ་བརྒྱུད་སྐྱེ་ཁམས་ཅན་གྱི་གསོ་སྤེལ་མཚོ་སྤྱོད་བྱེད་ཐབས་ཁྱབ་གདལ་ཐུབ་ནས་མཚོ་ཆུའི་གསོ་སྤེལ་གྱི་རིམ་པ་མཐོ་རུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་དང་མཚོ་ཆུའི་གསོ་སྤེལ་ཐོན་རྫས་མཁོ་སྤྲོད་བརྟན་པོ་དང་རྒྱ་ཆེར་གཏོང་ཐུབ་སྟེ“མཚོ་ཐོག་བང་མཛོད”སྐྲུན་པར་རྨང་གཞི་བརྟན་པོ་འདིང་ཐུབ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
གསུམ་ནི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། མིག་སྔར། ས་ཁུལ་ཁག་གཅིག་གི་མཚོ་ཆུའི་གསོ་སྤེལ་འཕེལ་རྒྱས་ཚད་ལྡན་མེད་པར་བརྟེན་རྒྱ་མཚོའི་ཁོར་ཡུག་གི་ཆ་ཤས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ལ། མཚོ་སྐོར་གསོ་སྤེལ་གསར་སྤེལ་ཐལ་དྲགས་པའི་རྐྱེན་གྱིས་མཚོ་འགྲམ་འདམ་རའི་ནུས་པར་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་ཡོད། གསོ་སྤེལ་མཚོ་སྤྱོད་དོ་དམ་ལེགས་སུ་བཏང་བ་བརྒྱུད་མཚོ་སྐོར་གསོ་སྤེལ་གསར་འཕར་གྱི་གཞི་ཁྱོན་ཚོད་འཛིན་ནན་པོ་དང་རང་བྱུང་མཚོ་འགྲམ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བཟུང་སྤྱོད་བྱེད་མི་ཆོག་པས། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱེད་ལ་ཕན་ཐོགས་ཡོད་པ་རེད།
གསོག་ཚད་བརྟན་པོའི་ངང་ཐག་གཅོད་དང་གསར་འཕར་རིགས་དབྱེ་དོ་དམ་དང་ཚོད་འཛིན་བྱས་ནས་ལྗང་མདོག་གསོ་སྤེལ་ལ་སྐུལ་འདེད་གཏོང་དགོས།
གསོ་སྤེལ་མཚོ་སྤྱོད་དོ་དམ་ལེགས་སུ་བཏང་ཚེ། མཚོ་ཁོངས་ཐོན་ཁུངས་ཀྱི་དབང་བའི་ཁེ་དབང་སྲུང་སྐྱོང་དང་མཚོ་རྒྱུད་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ།
《བརྡ་ཐོའི》ནང་། ཚན་རིག་དང་མཐུན་པར་གསོ་སྤེལ་མཚོ་སྤྱོད་ཀྱི་གཞི་ཁྱོན་དང་བཀོད་སྒྲིག་གཏན་འཁེལ་དང་། གསོ་སྤེལ་མཚོ་སྤྱོད་གསར་འཕར་རིགས་དབྱེ་དོ་དམ་ཚོད་འཛིན། ད་ཡོད་ཀྱི་གསོ་སྤེལ་མཚོ་སྤྱོད་ཐག་གཅོད་བརྟན་པོ། གསོ་སྤེལ་མཚོ་སྤྱོད་ཞིབ་མཆན་དང་ནང་བཤུག་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་བ། སྐྱེ་ཁམས་ཅན་གྱི་གསོ་སྤེལ་མཚོ་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གསོ་སྤེལ་མཚོ་སྤྱོད་ཀྱི་ལྟ་འདོམས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་ཕྱོགས་དྲུག་ཐད་ནས་གསོ་སྤེལ་མཚོ་སྤྱོད་དོ་དམ་ལེགས་སྒྲིག་གི་སྲིད་ཇུས་བྱེད་ཐབས་བཏོན་ཡོད།
ཕྱོགས་གཅིག་ནས་གསོག་ཚད་བརྟན་པོའི་ངང་ཐག་གཅོད་བྱས་ཏེ་གསར་འཕར་རིགས་དབྱེ་དོ་དམ་དང་ཚོད་འཛིན་བྱེད་དགོས།
རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་མཚོ་ཆུའི་གསོ་སྤེལ་ནི་དུས་རབས་གོང་མའི་ལོ་རབས་80པར་འགོ་བཙུགས་པར་བརྟེན་གསོ་སྤེལ་མཚོ་སྤྱོད་ལ་ལོ་རྒྱུས་ཡུན་རིང་ལྡན་ལ། ཞིབ་ཕྲའི་གནད་དོན་རྙོག་འཛིང་ཆེ་བར་བརྟེན་ལ་ལ་ད་ཡོད་ཀྱི་བར་མཐོངས་འཆར་འགོད་དམ་ཡང་ན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དོ་དམ་ཚོད་འཛིན་གྱི་བླང་བྱ་དང་མི་མཐུན་པ་དང་ལ་ལས་ཁྲིམས་ལྟར་གསོ་སྤེལ་མཚོ་སྤྱོད་རེ་ཞུའི་འགྲོ་ལུགས་གཉེར་མེད་པས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་སྤྱི་ཡོངས་དང་ཡུལ་བབ་དང་བསྟུན་ནས་བརྟན་པོའི་ངང་ཐག་གཅོད་བྱེད་དགོས།
ཕྱོགས་གཞན་ཞིག་ནས་ཉ་པའི་ཁུར་པོ་ཡང་དུ་བཏང་ནས་ལྗང་མདོག་གསོ་སྤེལ་ལ་སྐུལ་འདེད་གཏོང་དགོས།
སྲོལ་རྒྱུན་ཉ་པའི་གཞི་རྩའི་ཁེ་དབང་སྲུང་སྐྱོང་བྱེད་པ་ནི་དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་གལ་ཆེན་ཞིག་ཡིན་པས། ཁྱབ་ཁོངས་ངེས་ཅན་གྱི་ཉ་པའི་སྲོལ་རྒྱུན་གསོ་སྤེལ་མཚོ་ཁོངས་ཕྱེ་བ་དང་། གསོ་སྤེལ་མཚོ་སྤྱོད་ཀྱི་རེ་ཞུར་ཞིབ་མཆན་འགོད་པའི་གོ་རིམ་སྔར་བས་ལེགས་སུ་གཏོང་བ། ཁྲིམས་ལྟར་མཚོ་ཁོངས་སྤྱོད་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་བཅས་བྱས་ཏེ་སྲོལ་རྒྱུན་ཉ་པའི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས།
སྲོལ་རྒྱུན་གྱི་གསོ་སྤེལ་བྱེད་ཐབས་དང་བསྡུར་ན། སྐྱེ་ཁམས་སྐྱོན་བྲལ་གྱི་གསོ་སྤེལ་བྱེད་ཐབས་ཀྱི་སྒྲིག་ཆས་དེ་བས་སྔོན་ཐོན་དང་། གསོ་སྤེལ་ལག་རྩལ་དེ་བས་ལེགས་པ། ཐོན་སྐྱེད་བྱེད་ཐབས་དེ་བས་ཕན་ཆེ། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཆུང་བ་བཅས་ཡོད། སྐྱེ་ཁམས་སྐྱོན་བྲལ་གྱི་གསོ་སྤེལ་བྱེད་ཐབས་ཁྱབ་གདལ་གཏོང་བར་སྐུལ་ལྕག་བྱེད་པ་དང་། གསོ་སྤེལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་ཆ་སྤྱོད་པར་སྐུལ་འདེད་གཏོང་བ། གསོ་སྤེལ་སྒྲིག་བཀོད་དང་སྒྲིག་ཆས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཆུ་ཐོན་གསོ་སྤེལ་ལས་རིགས་ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གསོ་སྤེལ་མཚོ་སྤྱོད་ཀྱི་གཙང་སེལ་ཁྱབ་ཁོངས་དང་ཐག་གཅོད་རྩ་དོན་གཏན་འབེབས་ཁ་གསལ་བྱེད་དགོས།
རང་བྱུང་ཐོན་ཁུངས་པུའི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བས་མཚོ་ཁོངས་དོ་དམ་སྒྲིག་ལམ་སྲུང་སྐྱོང་དང་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ད་ཡོད་གསོ་སྤེལ་མཚོ་སྤྱོད་ཀྱི་རིགས་གཉིས་ཀྱི་གནས་ཚུལ་གོ་རིམ་ལྡན་པའི་ངང་གཙང་སེལ་བྱེད་དགོས་ཞེས་ངོ་སྤྲོད་བྱས་ཡོད། 《བརྡ་ཐོའི》ནང་། ད་ཡོད་གསོ་སྤེལ་མཚོ་སྤྱོད་བརྟན་པོའི་ངང་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ལ། ད་ཡོད་གསོ་སྤེལ་མཚོ་སྤྱོད་ཀྱི་གཙང་སེལ་ཁྱབ་ཁོངས་དང་ཐག་གཅོད་རྩ་དོན་ཡང་གཏན་འབེབས་ཁ་གསལ་བྱས་ཡོད།
གསོ་སྤེལ་མཚོ་སྤྱོད་གང་དག་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་སམ།
གཅིག་ནི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་གནས་ཀྱང《སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་བྱུང་ཐོན་ཁུངས་པུའུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བཅས་ཀྱི་བརྡ་ཐོ(ཚོད་ལྟའི་ལག་བསྟར)》ཡིག་ཆའི་དོ་དམ་ཚོད་འཛིན་སྲིད་ཇུས་དང་མི་མཐུན་པའི་གསོ་སྤེལ་མཚོ་སྤྱོད་དང་། གཉིས་ནི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཕུད་པའི་ཁྲིམས་མཐུན་སྒྲིག་མཐུན་གྱི་འགུལ་མེད་རྒྱུ་ནོར་གྱི་ཁེ་དབང་ལག་ཁྱེར་རམ་ཡང་ན་ཁེ་དབང་དཔང་ཡིག་དང་གསོ་སྤེལ་ལག་ཁྱེར་སོགས་མེད་པ་མ་ཟད། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་དང་མཚོ་འགྲམ་ཁུལ་གྱི་འཆར་འགོད་དང་དེ་བཞིན་གསོ་སྤེལ་ཆུ་ཁོངས་གྲམ་ཐང་འཆར་འགོད་སོགས་ཆེད་དོན་འཆར་འགོད་དང་མི་མཐུན་པའི་གསོ་སྤེལ་མཚོ་སྤྱོད་ཡིན། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་ད་ཡོད་ཀྱི་ཆུ་ཐོན་གསོ་སྤེལ་གཞི་ཁྱོན་རྒྱ་ཆེར་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག དོ་དམ་ཚོད་འཛིན་སྲིད་ཇུས་དང་མཐུན་པའི་གསོ་སྤེལ་བྱེད་སྒོ་སྤེལ་ཆོག མི་ཐབས་ཉ་བྲག་གིས་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བར་ནུས་པ་ངེས་ཅན་ལྡན་པ་དང་། མི་ཐབས་ཉ་བྲག་ཚུར་བསྡུ་དཀའ་བ་དང་མ་གནས་མཐོ་བ། གཙང་སེལ་བྱས་ན་རྒྱ་མཚོའི་སྐྱེ་ཁམས་ཀྱི་ནུས་པར་གཏོར་སྐྱོན་ཕོག་པ་བཅས་ལ་བསམ་གཞིག་བྱས་པ་བརྒྱུད་མི་ཐབས་ཉ་བྲག་གི་རྒྱ་མཚོའི་འབྲོག་ར་གཙང་སེལ་ཁྱབ་ཁོངས་ནང་བཞག་མེད།
ད་ཡོད་ཀྱི་གསོ་སྤེལ་མཚོ་སྤྱོད་ཐག་གཅོད་དེ་བཅའ་ཁྲིམས་དང་སྒྲིག་སྲོལ་དང་། ལོ་རྒྱུས་ལ་བརྩི་འཇོག བརྟན་ཞིང་གོ་རིམ་ལྡན་པ་བཅས་ཀྱི་རྩ་དོན་ལྟར་སྐུལ་འདེད་བཏང་ཡོད།