ཚན་རིག་ཁྱབ་གདལ་རྟེན་གཞི་མང་། བྱེད་སྒོ་སྣ་མང་ཕུན་སུམ་ཚོགས།
ཚན་རིག་བྱང་ཚད་མཐོ་རུ་བཏང་ནས་རང་བྱུང་གི་མཛེས་པར་མྱོང་རོལ་བྱེད་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲང་ཆིན་དང་། སུན་ཁྲའོ། མ་རུའེ་ཧྲན།
2024ལོའི་ལོ་འགོར། རང་བྱུང་ཐོན་ཁུངས་པུའུ་དང་ཚན་རྩལ་པུས་མཉམ་དུ་བརྡ་ཐོ་བཏང་ནས་2023ལོའི་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཚན་རིག་ཁྱབ་གདལ་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཚན་རིག་ཁྱབ་གདལ་རྟེན་གཞི་ཁག་50ལ་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཚན་རིག་ཁྱབ་གདལ་རྟེན་གཞིའི་མིང་བཏགས་པ་རེད།
ཉེ་བའི་ལོ་ཤས་རིང་། ཚན་རིག་ཁྱབ་གདལ་རྟེན་གཞི་ཁག་གིས་ཚན་རིག་ཁྱབ་གདལ་གྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ཏེ། སྤྱི་ཕན་རང་བཞིན་དང་། སྒོ་དབྱེའི་རང་བཞིན། དཔེ་སྟོན་རང་བཞིན་བཅས་མངོན་གསལ་དོད་དུ་བཏང་ནས་རང་བྱུང་ཐོན་ཁུངས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་སྤྱི་དམངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།
གཞི་རྟེན་གསར་གཏོད་དང་ཐོན་ཁུངས་གང་ལེགས་སྤྱོད་པ།
ཀྲུང་ནན་སློབ་ཆེན་སའི་གོ་ལ་ཚན་རིག་ཐོག་ཁང་གི་གསོར་འབིགས་རྩད་ཞིབ་ཚོད་ལྟ་ཁང་དུ་སློབ་འབྲིང་སློབ་མ་མང་པོས་ཚོད་ཞིབ་ཆེ་མོ་བ་ཁོང་ལི་ཤིན་ལ་བསྐོར་ནས་སྐད་ཆ་མང་པོ་འདྲི་བཞིན་ཡ་མཚན་ཆེན་པོས་མཐོ་ཚད་ལ་ཐོག་སོ་བཞི་ཙམ་ཡོད་པའི་ཚོད་ལྟ་ཁང་གི་གསོར་འབིགས་འཕྲུལ་འཁོར་ལ་ལྟ་བཞིན་ཡོད།
དེ་ནི་ཀྲུང་ནན་སློབ་ཆེན་གྱི་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ཀྱི་ཚན་རིག་ཁྱབ་གདལ་རྟེན་གཞི་ཡིན་པ་དང་སློབ་མས་དེ་གར་ལྟ་སྐོར་བྱེད་ཆོག་པ་མ་ཟད། སློབ་ཁྲིད་དང་ཚན་ཞིབ་ཀྱི་འཐབ་ས་དང་པོའི་ཚོད་ལྟའི་ཡོ་བྱད་སྣ་ཚོགས་ལ་ཉམས་ལེན་ཡང་བྱེད་ཆོག་གི་ཡོད། རྟེན་གཞིའི་འགན་འཁུར་བ་ཝང་ལི་ཁྲང་གིས་ཐོག་ཁང་ཧྲིལ་པོ་ནི་ཚན་རིག་ཁྱབ་གདལ་རྟེན་གཞི་ཡིན་པ་དང་ཚོད་ལྟ་ཁང་རེ་རེ་ནི་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་རེད་ཅེས་བརྗོད།
མཐོ་སློབ་ཀྱི་ཚོད་ལྟ་ཁང་དེ་ཚན་རིག་ཁྱབ་གདལ་གྱི་རྟེན་གཞིར་ཇི་ལྟར་གྱུར་བ་ཡིན་ནམ། ཝང་ལི་ཁྲང་གིས་མཐོ་སློབ་ཚོད་ལྟ་ཁང་དུ་སློབ་ཁྲིད་དང་ཚན་ཞིབ་ཀྱི་ལས་འགན་ལེགས་གྲུབ་བྱུང་རྗེས་ཚོད་ལྟ་ཁང་སྤྱོད་མཁན་མེད་པར་སྟོང་པར་ངེས་ཅན་ལུས་ཀྱི་ཡོད། དེ་དང་ཆབས་ཅིག ཚན་ཞིབ་རྣམ་གྲངས་གལ་ཆེན་མང་པོ་ཞིག་མཇུག་འགྲིལ་རྗེས་གྲུབ་པའི་བརྒྱུད་རིམ་དཔེ་དབྱིབས་དང་། གྲུབ་འབྲས་ཐོན་རྫས། སྒྲིག་ཆས་དཔེ་མཚོན་འཕྲུལ་འཁོར་སོགས་སྒྲིག་ཆས་མང་པོ་ཞིག་བེད་སྤྱོད་གང་ལེགས་ཐུབ་མེད་པ་དང་འགྲེམས་སྟོན་གྱི་གོ་སྐབས་འདང་གི་མེད། “ཚན་རིག་ཁྱབ་གདལ་རྟེན་གཞིས་མཐོ་སློབ་ཀྱི་ཚན་རིག་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་བཏོན་ཏེ། གཞི་རྟེན་གསར་གཏོད་དང་ཐོན་ཁུངས་གང་ལེགས་སྤྱད་ནས་སློབ་ཁྲིད་དང་ཚན་ཞིབ་ཐད་སྤྱོད་པའི་ས་ཆ་དང་། སྒྲིག་ཆས། སྒྲིག་བཀོད། དཔེ་དབྱིབས་བཅས་བེད་སྤྱད་ཚེ་ཚན་རིག་སློབ་གསོའི་ཐོན་ཁུངས་བེད་མེད་དུ་འཇོག་ཚད་ཉུང་དུ་གཏོང་ཐུབ་ལ་ཚན་རིག་ཁྱབ་གདལ་གྱི་ཚན་རིག་རང་བཞིན་དང་གཟབ་ནན་རང་བཞིན་ཡང་འགན་ལེན་བྱེད་ཐུབ”ཅེས་བརྗོད།
གཏེར་དངོས་རིག་པའི་ཚོད་ལྟ་ཁང་དང་བྲག་རྡོ་རིག་པའི་ཚོད་ལྟ་ཁང་དུ་འཛུལ་སྐབས། གཏེར་དངོས་ཀྱི་མ་དཔེ་དང་བྲག་རྡོའི་མ་དཔེ་སྲབ་མོ་རེ་རེ་ལས་སའི་གོ་ལའི་ཕྲ་མཐོང་འཇིག་རྟེན་ཐད་ཀར་མཐོང་གི་ཡོད། ཚོད་ཞིབ་ཆེ་མོ་བ་ཧྲེན་ཚན་གྱིས་ཀྲུང་ནན་སློབ་ཆེན་སའི་གོ་ལ་ཚན་རིག་ཚོད་ལྟ་ལྟེ་གནས་ཀྱི་སྒྲིག་ཆས་དང་མ་དཔེའི་མ་ལག་ལ་བརྟེན་ནས་ཕྲུ་གུ་ཚོས་ཕྲ་མཐོང་ཆེ་ཤེལ་བརྒྱུད་བྲག་རྡོའི་མ་དཔེ་སྲབ་མོར་ལྟ་ཞིབ་བྱེད་ཐུབ། “ཕྲུ་གུ་མང་པོས་བྲག་རྡོ་ལེབ་གཞོག་དང་བརྡར་རྗེས་ཕྱེད་གསལ་ཡིན་པ་མཐོང་ཐེངས་དང་པོ་ཡིན་པ་དང་། ཕྲ་མཐོང་ཆེ་ཤེལ་བརྒྱུད་ད་དུང་བྲག་རྡོའི་གྲུབ་ཆ་དང་ཁྲ་རིས་ལ་ལྟ་ཞིབ་གསལ་པོ་བྱེད་ཐུབ། ཉམས་ལེན་དེ་ལྟ་བུ་ནི་འགུལ་རིས་དང་། རི་མོའི་དེབ། ཡི་གེ་བཅས་ལས་མཐོང་ཐབས་བྲལ་བ་ཞིག་རེད”ཅེས་བརྗོད།
ལངས་གཟུགས་གསལ་སྟོན་དང་མཉམ་འགུལ་ཉམས་ལེན་བྱེད་པ།
པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་སུ་གནས་པའི་ཀྲུང་གོ་ཐིག་ལེན་རིས་འབྲིའི་ཚན་རྩལ་ཁང་ནི་རང་རྒྱལ་གྱི་ཐིག་ལེན་རིས་འབྲིའི་ས་ཁམས་ཆ་འཕྲིན་བརྗོད་དོན་གཙོ་བོར་བྱེད་པའི་རྒྱལ་ཁབ་རིམ་པའི་ཆེད་དོན་འགྲེམས་སྟོན་ཁང་ཐོག་མ་དེ་རེད།
ཀྲུང་གོ་ཐིག་ལེན་རིས་འབྲིའི་ཚན་རྩལ་ཁང་གི་འགྲེལ་བཤད་པ་ཞུས་ཡའོ་ཡིས“མི་དེ་བས་མང་བས་ཐིག་ལེན་རིས་འབྲིར་རྒྱུས་མངའ་དང་། ཤེས་རྟོགས། བེད་སྤྱོད་བཅས་ཐུབ་པ་བྱེད་རྒྱུ་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་དོན་གཉེར་བྱེད་པའི་དམིགས་ཚད་ཡིན” ཀྲུང་གོ་ཐིག་ལེན་རིས་འབྲིའི་ཚན་རྩལ་ཁང་གིས་སྒྲ་དང་། འོད། གློག རྩ་གསུམ་ལངས་གཟུགས་གསལ་སྟོན། མཉམ་འགུལ་ཉམས་ལེན་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྤྱི་དམངས་ལ་ཀྲུང་གོའི་ཐིག་ལེན་རིས་འབྲིའི་ལོ་རྒྱུས་དང་། ཐིག་ལེན་རིས་འབྲིའི་ཚན་རྩལ་གྱི་ཡར་ཐོན། ཐིག་ལེན་རིས་འབྲིའི་གྲུབ་འབྲས་རྒྱ་ཁྱབ་ངང་སྤྱོད་པ། ས་ཁམས་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེམས་སྟོན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
འགྲེམས་ཁང་ནང་སྐྱོད་སྐབས་ངོ་མཚར་ཆེ་བའི་ཚན་རྩལ་གྱི་ཉམས་ལེན་རེ་རེ་ལས་དེང་རབས་ཀྱི་ཐིག་ལེན་རིས་འབྲིའི་ཡིད་དབང་འཕྲོག་ཤུགས་མངོན་གྱི་ཡོད།
མཁའ་འགྲུལ་པར་ལེན་འགྲེམས་སྟོན་ཁུལ་དུ་འདྲ་བཟོའི་འགྲེམས་སྟོན་བརྒྱུད་མི་མེད་གནམ་གྲུའི་པར་ལེན་བྱེད་ཐབས་ལ་ཤེས་རྟོགས་ཐུབ་པ་སྟེ། མི་མེད་གནམ་གྲུ་ཆུང་ཆུང་བར་སྣང་དུ་འཕུར་བ་དང་དེས་བརྒྱུད་པའི་ཡུལ་ལྗོངས་དག་འཕྲལ་མར་མིག་མདུན་གྱི་འཆར་ཤེལ་ཆེན་པོའི་ཐོག་མངོན་ཞིང་། རི་ཆུའི་མཛེས་ལྗོངས་དང་གྲོང་ཁྱེར་དང་གྲོང་གསེབ་བཅས་ཁ་གསལ་བ་དང་། གསོན་ཉམས་ལྡན་པ། ལངས་གཟུགས་བཅས་ཀྱི་མཁའ་འགྲུལ་བརྙན་པར་རི་མོ་ཞིག་ཏུ་གྱུར་གྱི་ཡོད།
ས་ཁམས་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་འགྲེམས་ཁུལ་དུ་དུས་སྐབས་མི་འདྲ་བའི་བརྙན་པར་དང་ས་བཀྲར་གནོན་སྐབས་མངོན་གསལ་དོད་པའི་བསྡུར་བ་མིག་ལམ་དུ་མངོན་པ་སྟེ། ཧྲའན་ཤིས་བྱང་རྒྱུད་ས་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། གྲོང་ཁྱེར་ཞིག་ས་བརྐོ་རྡོ་སློག་གིས་སྐྲུན་འགོ་ཚུགས་པ་ནས་ཐོག་བརྩེགས་ཁང་ཆེན་གྱིས་ཁེངས་པའི་བར་གྱི་འགྱུར་ལྡོག་ལྟ་བུ་རེད།
གྲོང་ཁྱེར་གྱི་བློ་རིག་མདོང་དྲའི་ཉམས་ལེན་ཁུལ་དུ་ས་ངོས་ཀྱི་དྭངས་གསལ་ཤེལ་བརྒྱུད་ས་འོག་གི་གློག་དང་། ཆུ། འབར་རླངས་སོགས་ཀྱི་མདོང་ལམ་འཕྲེད་གཞུང་དུ་སྣོལ་འདྲེས་བྱས་ཡོད་པ་གསལ་པོར་མཐོང་ཐུབ། ལྟ་སྐོར་བ་ཞིག་གིས་ལག་ཏུ་ཚོར་ཤེས་སྒྲིག་ཆས་འཁྱེར་ནས་ས་ངོས་སུ་འཚོལ་ཞིབ་ཐིག་ལེན་བྱེད་དུས། འགྲམ་དུ་ཡོད་པའི་བརྙན་ཤེལ་ཆེན་པོའི་ཐོག་མདོང་ལམ་དེ་དག་གི་སྦོམ་ཕྲ་དང་རིང་ཚད་སོགས་ཀྱི་ཆ་འཕྲིན་མངོན་གྱི་ཡོད། གློ་བུར་དུ་ཉེན་བརྡ་གྲགས་པ་དང་ཚོར་ཆས་རེག་སའི་ཤེལ་གྱི་འོག་ཏུ་སྦུག་ལམ་ཞིག་གི་སྲུབས་ཀ་ནས་རླངས་གཟུགས་ཤོར་བ་དང་། དེ་འཕྲལ་བརྙན་ཤེལ་ཆེན་པོའི་ཐོག་ནས་རྟོག་བཟོའི་འཕྲལ་སྡོམ་ཉེན་སྐྱོབ་སྡེ་ཚན་གྱི་ཁ་པར་བརྒྱུད་འཕྲལ་སྡོམ་ཉེན་སྐྱོབ་རླངས་འཁོར་འཕྲལ་མར་ཐོན་གྱི་ཡོད།
རིགས་གཅིག་མཁས་ཅན་གྱིས་གཙོ་ཁྲིད་དང་དཔེ་སྟོན་གྱིས་སྐུལ་ཁྲིད་བྱེད་པ།
ཧྲན་ཤིས་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་ཡུན་ཀྲོའུ་ཆུས་ཏུའུ་ཀྲོང་གྲོང་ཚོའི་བྱང་རྒྱུད་ཀྱི་ཏ་ཐུང་བྲུ་རོང་དུ་དབྱིབས་མི་འདྲ་བའི་ཕ་བོང་ཀ་བ་ལྟར་འགྱིང་ངེར་གནས་པ་དང་ཆུ་བོའི་བཞུར་རྒྱུན་གྱི་རྗེས་ཤུལ་བྲག་ངོས་སུ་མངོན་ནས་ལོ་ཟླ་དུ་མ་བརྒྱུད་པའི་སུལ་ཁ་ཆགས་ཡོད།
“ལོ་ངོ་ཁྲི་སྟོང་མང་པོའི་གོང་། དེའི་རྒྱུད་དུ་ས་གཤིས་འགུལ་སྐྱོད་མང་པོ་བྱུང་ཞིང་། ས་ངོས་ཀྱི་འབབ་ཆུ་བཞུར་བ་དང་ས་རིམ་རླུང་གིས་ཟད་ནས་ས་ཤུར་ཕྲ་མོ་རེ་རེ་རིམ་གྱིས་ཞེང་ཁ་ཆེ་རུ་སོང་སྟེ། རིམ་བཞིན་ཏ་ཐུང་བྲུ་རོང་ཆགས་ཡོད”ཅེས་ཏ་ཐུང་བྲུ་རོང་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པ་ཧྥུའུ་པིང་ཧྭ་ཡིས་བྲུ་རོང་གི་འབྱུང་ཁུངས་ངོ་སྤྲོད་བྱས། ས་ཆ་འབར་འབུར་དེ་དག་གི་ཁྲོད་དུ་རིག་གནས་ཀྱི་གྲུབ་ཆ་མང་པོ་འདུས་ཡོད། འགྲེལ་བཤད་བྱས་པ་བརྒྱུད་མི་དེ་བས་མང་བ་ཞིག་སའི་གོ་ལའི་ཚན་རིག་ལ་སྤྲོ་བ་འཕེལ་ནས་རང་བྱུང་གི་མཛེས་པར་མྱོང་རོལ་ཐུབ་པ་བྱུང་ཡོད།
“མཛེས་ལྗོངས་ཁུལ་གྱི་ཚན་རིག་ཁྱབ་གདལ་ཆེད་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རིགས་གཅིག་མཁས་ཅན་གྱིས་གཙོ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་ཚན་རིག་ཁྱབ་གདལ་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས”ཡུན་ཀྲོའུ་ཆུས་བྲུ་རོང་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཐེན་ལན་ཅེ་ཡིས། མཛེས་ལྗོངས་ཁུལ་གྱིས་ཀྲུང་གོ་ས་གཤིས་ཚན་རིག་ཁང་སོགས་འབྲེལ་ཡོད་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚན་རིག་ཁྱབ་གདལ་དང་བླངས་ལས་དོན་ནང་གདན་དྲངས་ནས་ཚན་རིག་ཁྱབ་གདལ་བ་དང་དང་བླངས་པར་འཆད་འགྲེལ་གསོ་སྦྱོང་བྱས་ཡོད་ཅེས་ངོ་སྤྲོད་བྱས།
མཛེས་ལྗོངས་ཁུལ་ནང་གི་རིགས་གཅིག་མཁས་ཅན་ལས་དོན་ཁང་དུ་གསར་འགོད་པར་ཀྲུང་གོ་ས་གཤིས་ཚན་རིག་ཁང་ས་གཤིས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སུའུ་ཏེ་ཁྲེན་འཕྲད་བྱུང་། སུའུ་ཏེ་ཁྲེན་ཏ་ཐུང་བྲུ་རོང་མཛེས་ལྗོངས་ཁུལ་གྱི་ཆེད་མངགས་གདན་ཞུས་རིགས་གཅིག་མཁས་ཅན་དུ་གྱུར་རྗེས་ཁོང་གིས་དྲ་ཐོག་དང་ཡུལ་དངོས་སུ་ཚན་རིག་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་ཀྱི་ཡོད་པ་སྟེ། གཟའ་འཁོར་རེར་བྲུ་རོང་ས་གཤིས་ཞིབ་འཇུག་དང་སློབ་སྦྱོང་གི་བྱེད་སྒོ་ཐེངས་གཉིས་སྤེལ་གྱི་ཡོད་པ་དང་། བྱེད་སྒོ་སྤེལ་རིམ་བཞིན་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་བཅས་ཀྱི་སློབ་མ་མི་ཐེངས་ཁྲི་3ལྷག་ཙམ་བྱེད་སྒོ་དེའི་ནང་ཞུགས་ཡོད་པ་དང་། ཁྱད་ལྡན་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་གི་འཆད་ཁྲིད་ཐེངས་160ལྷག་ཙམ་གཉེར་བ། བརྙན་ཐུང་ཐེངས་13བཟོས་ནས་དྲ་ཐོག་ཏུ་སྤེལ་ཏེ་བྲུ་རོང་ས་གཤིས་དང་ས་དབྱིབས་ལ་འགྲེལ་བཤད་བརྒྱབ་པར་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཡག་པོ་ཐོབ་ཡོད།