“ཧྥ་ཀྲུང་མཛའ་གྲོགས་རྒྱུན་འཛིན་བྱ་ཆེད་མུ་མཐུད་སྟོབས་ཤུགས་སྐྱེས་སུ་འབུལ”
—— ཧྥ་རན་སེའི་ལི་ཨང་ཀྲུང་ཧྥ་སློབ་ཆེན་གྱི་མཐུན་ཚོགས་གསར་པའི་ཀྲུའུ་ཞི་གཞོན་པ་དང་ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལཱ་པ་ཐེར་བཅར་འདྲི་བྱས་པ།
ཧྥ་རན་སེའི་ལི་ཨང་ཀྲུང་ཧྥ་སློབ་ཆེན་མཐུན་ཚོགས་གསར་པའི་ཀྲུའུ་ཞི་གཞོན་པ་དང་ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལན·ལཱ་པ་ཐེ་དང་འཕྲད་སྐབས། ཁོང་ལི་ཨང་ཀྲུང་ཧྥ་སློབ་ཆེན་གྱི་མཐུན་ཚོགས་གསར་པས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་གྱི་བརྩམས་ཆོས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་མ་ཐག་རེད། བྱེད་སྒོ་དེ་ལི་ཨང་ཀྲུང་ཧྥ་སློབ་ཆེན་ལོ་རྒྱུས་རྟེན་མཛོད་ཁང་དུ་སྤེལ་ཞིང་། སྨི་ངོས་གྲུ་200ལྷག་ཙམ་གྱི་འགྲེམས་སྟོན་ཁང་ནང་ལི་ཨང་ཀྲུང་ཧྥ་སློབ་ཆེན་གྱི་ལོ་རྒྱུས་ངོ་སྤྲོད་ཀྱི་རྒྱུན་བཙུགས་འགྲེམས་སྟོན་ཡོད་ལ། ཀྲུང་ཧྥ་སྒྱུ་རྩལ་མཁས་ཅན་ལ་མཁོ་འདོན་བྱས་པའི་སྤེལ་རེས་བྱེད་སའང་ཡོད། “ལི་ཨང་ཀྲུང་ཧྥ་སློབ་ཆེན་གྱི་མཐུན་ཚོགས་གསར་པའི་ཧྥ་ཀྲུང་མཛའ་གྲོགས་འགྲོ་འོང་གི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པས་ཧྥ་ཀྲུང་མཛའ་གྲོགས་རྒྱུན་འཛིན་བྱ་ཆེད་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད”ཅེས་ལཱ་པ་ཐེས་བརྗོད།
ལཱ་པ་ཐེ་1978ལོར་ཀྲུང་གོ་དང་འབྲེལ་བ་བྱུང་ཞིང་། “སྐབས་དེ་དུས་ང་ཧྥ་རན་སེའི་འཐུས་མི་ཚོགས་པར་ཕེབས་རོགས་ཞུས་ནས་ཀྲུང་གོའི་གྲོང་གསེབ་ལ་རྟོག་ཞིབ་བྱེད་པར་ཕྱིན་པ་ཡིན། དེ་རྗེས་ངས་ལོ་ལྟར་ཀྲུང་གོར་ཐེངས་རེ་ཕྱིན་ནས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་རླབས་པོ་ཆེ་མིག་མཐོང་ལག་ཟིན་བྱུང”ཞེས་ལཱ་པ་ཐེས་བརྗོད་པ་དང་། ཁོང་གིས་ལོ་40ལྷག་ཙམ་རིང་། ངས་ཧ་ལམ་ཀྲུང་གོའི་ཞིང་ཆེན་ཚང་མར་བསྐྱོད་པས་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ལུགས་ཚོར་བྱུང་། ཀྲུང་གོར་འགྲོ་རིམ་བཞིན་ངར་མྱོང་ཚོར་མི་འདྲ་བ་ཡོང་གི་འདུག ཀྲུང་གོར་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་ཕུན་སུམ་ཚོགས་པའི་མི་ཤུགས་ཐོན་ཁུངས་སོགས་ཀྱི་ལེགས་ཆ་ལྡན་པ་མ་ཟད། ད་དུང་སྒོ་དབྱེ་སེམས་ཤུགས་དང་འཕེལ་རྒྱས་ཀྱི་མིག་རྒྱང་རིང་པོའང་མངོན་གྱི་ཡོད། ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཆ་དང་གསོན་ཤུགས་ཀྱིས་ཁེངས་ཡོད་པས། དེ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད་ཅེས་བརྗོད།
ལཱ་པ་ཐེ་ནི་ཀྲུང་ཧྥ་མཛའ་གྲོགས་ཀྱི་དཔང་པོ་རེད། 1993ལོར་ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ནས་བཟུང་ལོ་ལྟར་ཀྲུང་གོའི་མཉམ་ལས་རོགས་ཟླ་དང་སྤེལ་རེས་བྱེད་སྒོ་སྤེལ་གྱི་ཡོད། ཁོང་གིས“ལོ་དེ་དག་ནང་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་འགྲོ་འོང་ཉིན་རེ་ལས་མ་འདས་པར་ཟབ་ཏུ་འགྲོ་བ་ངས་དངོས་སུ་མཐོང་བྱུང་། ཧྥ་ཀྲུང་རྒྱལ་ཁབ་གཉིས་པོར་འདྲ་བའི་ཆ་མང་པོ་ཡོད་ལ་མཉམ་ལས་ཀྱི་རྨང་གཞི་ཡང་ཡག་པོ་ཡོད། ཧྥ་རན་སེའི་ཤེས་དཔལ་དང་ཀྲུང་ཧྭའི་ཤེས་དཔལ་ཕན་ཚུན་མྱོང་རོལ་དང་ཡིད་དབང་འཕྲོག་རེས་བྱེད་པ་དེ་ནི་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་འགྲོ་འོང་དམ་ཟབ་བྱུང་བའི་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན། ཧྥ་ཀྲུང་མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་ལ་ནང་དོན་ཕུན་སུམ་ཚོགས་པས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་དཔེ་སྟོན་གྱི་ནུས་པ་ཐོན་པ་མ་ཟད། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་དགེ་མཚན་ལྡན་པའི་ནུས་པའང་ཐོན་ཡོད”ཅེས་བརྗོད།