དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བགྲང་བྱ་བཅུ་ཡི་འབད་འཐབ་ལས། ཕུག་ལམ་ཏལ་འབིགས་ཡོངས་སུ་ཐུབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཤིན་ཕིང་།   |     སྤེལ་དུས།  2024-05-15

    ◆ ཏེ་ཧྲེང་ཕུག་ལམ་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་ཁོངས་སུ་གནས་པ་དང་། 2014ལོའི་ཟླ་9པར་བསྐྲུན་འགོ་ཚུཌ་ཤིང་རིང་ཚད་ཧྲིལ་པོ་སྨི་22943ཟིན།

    ◆ ཟླ་5ཚེས་11ཉིན། ཏེ་ཧྲེང་ཕུག་ལམ་ཏལ་འབིགས་ཐུབ་སྟེ། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་ཁྲེང་ཧོང་དུམ་བུ་ཡོངས་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

    ◆ ཏེ་ཧྲེང་ཕུག་ལམ་སྒྲོལ་བར་ཤུགས་འགྲེམས་མེ་འཁོར་གྱིས་སྐར་མ་7ཙམ་ལས་འགོར་གྱི་མེད་མོད། ཕུག་ལམ་དེ་སྐྲུན་པར་ཉིན་3540འགོར་ཡོད།

    ཟླ་5ཚེས་11ཉིན་ཏེ་ཧྲེང་ཕུག་ལམ་གྱི་མཐའ་མའི་གཞུ་དབྱིབས་ཀྱི་སྐོར་རྡོ་ཏལ་འབིགས་ཐུབ་པ་དང་བསྟུན་ནས། ལོ་བཅུ་ཙམ་འགོར་བའི་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཏེ་ཧྲེང་ཕུག་ལམ་བདེ་བླག་ངང་བསྐྲུན་ཟིན་ཞིང་། ཁྲོན་མཚོ་ལྕགས་ལམ་གྱི་ཁྲེང་ཧོང་དུམ་བུ་ཡོངས་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

    ཏེ་ཧྲེང་ཕུག་ལམ་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་ཁོངས་སུ་གནས་པ་དང་། 2014ལོའི་ཟླ་9པར་བསྐྲུན་འགོ་ཚུགས་ཤིང་། ལམ་ཐག་ཧྲིལ་པོར་སྨི་22943ཟིན། དེ་ནི་རྒྱལ་ནང་དུ་བསྐྲུན་པའི་ཕུག་ལམ་རྐྱང་པ་དང་ལམ་གཉིས་མཉམ་སྐྲུན་གྱི་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་རེད།

    ཏེ་ཧྲེང་ཕུག་ལམ་སྒྲོལ་བར་ཤུགས་འགྲེམས་མེ་འཁོར་གྱིས་སྐར་མ་7ཙམ་ལས་འགོར་གྱི་མེད་ཀྱང་། སྐྲུན་ཡུན་ཉིན་3540འགོར་ཡོད། འོ་ན་དུས་ཡུན་ལོ་བཅུ་ཙམ་འགོར་དོན་ཅི་ཡིན་ནམ།

    ཕུག་ལམ་དེ་ཀྲུང་གོ་ལྕགས་ལམ་ཇུས་འགོད་ཁང་གཉིས་པས་ཇུས་འགོད་བྱས་པ་དང་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པ་དང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པས་སྐྲུན་འགན་ཁུར་བ་རེད། ཕུག་ལམ་ཇུས་འགོད་ཚོགས་པའི་ཁོངས་མི་ཀྲོའུ་གཡོད་ཧྥུང་གིས། ཏེ་ཧྲེང་ཕུག་ལམ་གྱིས་ལུང་མོན་རི་བོ་དང་། ཆིན་ལིང་རི་བོ་ནུབ་མ། རྨིན་ཅང་གཙང་པོ་བཅས་ཀྱི་གས་སྲུབས་ས་རྒྱུད་གསུམ་བརྟོལ་ཞིང་། ས་གཤིས་ཧ་ཅང་ཞན་པོ་ཡོད་ཅེས་ངོ་སྤྲོད་བྱས།

    འཛུགས་སྐྲུན་བྱེད་རིང་། ཕུག་ལམ་ཧྲིལ་པོར་དབྱིབས་འགྱུར་ཆེ་གྲས་ཐོན་ཚད་32.6%ཟིན་པའི་ཁར་རྡིབ་པ་དང་། འདམ་ཉིལ། ཆུ་ཟགས་སོགས་ཀྱི་གནད་དོན་ཐེངས་300ལྷག་ཙམ་ཐོན་ཡོད། གཟི་ཚ་སྡེ་དགུའི་ས་ཡོམ་དང་། རི་ཉིལ་བ། ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐེངས་མང་བྱུང་བ་སོགས་ཀྱི་དབང་གིས། ཏེ་ཧྲེང་ཕུག་ལམ་དེ་ལས་རིགས་ནང་ཁུལ་གྱིས་རང་རྒྱལ་གྱི་དཀའ་ཚེགས་ཆེ་ཤོས་ཀྱི་རི་བརྟོལ་ཕུག་ལམ་གྱི་གྲས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    ཕུག་ལམ་ཨར་སྐྲུན་དང་འབྱུང་འགྱུར་མེ་འཁོར་ཤར་གཏོང་ཐུབ་པའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཏེ་ཧྲེང་ཕུག་ལམ་གྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཕུག་ལམ་རྐྱང་པ་དང་ལམ་གཉིས་མཉམ་དུ་བཟོས་པའི་ཕུག་ལམ་གྱི་གནོད་འཚེ་སྔོན་འགོག་རོགས་སྐྱོབ་ས་ཚིགས་བསྐྲུན་ཡོད་པ་རེད། རོགས་སྐྱོབ་ས་ཚིགས་དེར་རིམ་པ་གསུམ་གྱི་གྲུབ་ཆ་ཡོད་པ་སྟེ། སྟེང་རིམ་ལ་དུ་འབུད་དང་། བར་རིམ་ལ་ཁ་འགྲེམས། འོག་རིམ་ལ་ཕྱིར་འཐེན(ཉེན་གཡོལ)བཅས་ཡོད་པ་དང་། ཁྱོན་ཡོངས་ནི་བྲག་ཕུག་ཁག་35ལས་གྲུབ་པ་དང་རིང་ཚད་སྨི་3100ལས་བརྒལ་ནས་གཞི་ཁྱོན་ཆེ་བ་དང་གྲུབ་ཆ་རྙོག་འཛིང་ཆེ་བ་ཞིག་ཡོད། ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་ཁྲེང་ལན་ལྕགས་ལམ་རྣམ་གྲངས་ཀྱི་ཅིང་ལི་ཝང་ཡོན་གྱིས། ཕུག་ལམ་གེགས་འགོག་རོགས་སྐྱོབ་ས་ཚིགས་ཀྱིས་ཏེ་ཧྲེང་ཕུག་ལམ་ཤར་གཏོང་ཐུབ་རྒྱུར་བྱས་རྗེས་ཆེན་པོ་བཞག་ཡོད། ཕུག་ལམ་ཤར་གཏོང་ཐུབ་རྗེས་སྔར་བཞིན་འགན་འཁྲི་མུ་མཐུད་འཁུར་རྒྱུ་ཡིན་ཞེས་བཤད་པ་རེད།

    ཁྲོན་མཚོ་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ལན་ཀྲོའུ་དང་ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ལམ་ཐིག་དེ་ཁྲེང་ཏུའུ་ས་ཚིགས་ཤར་མ་ནས་འགོ་བཙུགས་ཏེ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དང་། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་ཤར་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་བཅས་བརྒྱུད་དེ་ཟི་ལིང་ས་ཚིགས་དང་སྦྲེལ་ཡོད། ལམ་ཐིག་གཙོ་བོའི་རིང་ཚད་ལ་སྤྱི་ལེ་836ཙམ་ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་200ཇུས་འགོད་བྱས་ཡོད་པས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལམ་གཉིས་ཀྱི་ལྕགས་ལམ་རེད། དེའི་ནང་ཁྲོན་མཚོ་ལྕགས་ལམ་གྱི་ཆིང་པའེ་གཙང་པོའི་ཤར་ནས་ཀྲེན་ཅང་ཀོན་བར་གྱི་དུམ་བུ་དེ་2023ལོའི་ཟླ་11ཚེས་28ཉིན་ཤར་གཏོང་ཐུབ་པ་དང་། ད་ལོ་ནས་ཉིན་རེར་ཤུགས་འགྲེམས་མེ་འཁོར་22གཏོང་བཞིན་ཡོད་པ་དང་རིམ་རྩིས་བྱས་ན་མི་ཐེངས་ཁྲི་151སྐྱེལ་འདྲེན་བྱས་པ་དང་ཉིན་རེར་ཆ་སྙོམས་མི་ཁྲི་1.15སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད།

    ཏེ་ཧྲེང་ཕུག་ལམ་ཤར་གཏོང་ཐུབ་རྗེས་འཛུགས་སྐྲུན་ཚན་པས་ད་དུང་ལམ་རྡེའུ་བརྩིགས་པ་དང་། འཁོར་ལམ་འདིང་བ། གློག་ཤུགས་བཞི་ཅན་གྱི་ལས་གྲྭ་སོགས་ཀྱི་ཨར་སྐྲུན་བྱ་རྒྱུ་རེད་ལ། ཁྲོན་མཚོ་ལྕགས་ལམ་ཀྲེན་ཅང་ཀོན་ནས་ཧོང་ཧྲེང་ཀོན་བར་གྱི་དུམ་བུ་ལོ་འདིའི་ནང་ཤར་གཏོང་ཐུབ་རེ་ཡོད། ལམ་ཐིག་དེ་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བྱུང་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།