རྫ་ཡུལ་རྫོང་སྲང་འཐག་གྲོང་ཚོས་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཀྱི་ལེགས་ཆ་གང་ལེགས་བཏོན་པ།
ཐོན་ལས་དར་ཞིང་འབབ་ཁུངས་མང་། གྲོང་གསེབ་དར་རྒྱས་ངོ་མཚར་ཆེ།
2023ལོ་ནས་བཟུང་། སྲང་འཐག་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་གཏོང་བའི“གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཡག་ཤོས་བརྒྱ”ཡི་གྲས་ཤིག་ཡིན་པའི་ངོས་ནས་དཔེ་སྟོན་ས་ཚིགས་ཀྱི་ཚད་གཞིར་ནན་པོར་གཞིཌ་ཏེ། ལས་དོན་ཁག་སྤེལ་ནས་གཞི་རིམ་གྱི་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་འཛུགས་སྐྱོང་ཏན་ཏིག་བྱས་པ་རེད།
ས་གནས་དེ་གའི་ས་ཞིང་གང་ལེགས་སྤྱོད་ཆེད། 2017ལོར་སྲང་འཐག་གྲོང་ཚོར་ཐུ་ནི་སིའི་སེ་འབྲུ་སྙི་མོ་འདེབས་འཛུགས་བྱས་ནས་མིག་སྔར་འདེབས་འཛུགས་རྒྱ་ཁྱོན་མུའུ་270ཟིན་ཡོད། ཉེ་བའི་ལོ་འགའི་རིང་། སེ་འབྲུའི་སྡོང་པོར་རིམ་བཞིན་འབྲས་བུ་བཏགས་པ་དང་བསྟུན་ནས། ཐོན་འབབ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། 2023ལོར་ཁྲོམ་རའི་བྲིན་ཚོང་ཐབས་ལམ་ཡངས་སུ་གཏོང་ཆེད། གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་སྲང་འཐག་གྲོང་ཚོས་སྦྲག་སྲིད་ཀུང་སི་ཉིང་ཁྲི་ཡན་ལག་ཀུང་སི་དང་ཐུ་ནི་སིའི་སེ་འབྲུ་སྙི་མོའི་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་པ་རེད།
“ད་ཆ་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན་པས། ང་ཚོས་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་སྣེ་ཁྲིད་འོག སེ་འབྲུ་དེ་ཉིང་ཁྲི་དང་ལྷ་ས་སོགས་སུ་འཚོང་གི་ཡོད། ང་ཚོའི་སེ་འབྲུ་གཞན་དང་མི་འདྲ་བའི་ཁར་བྲོ་བའང་ཡག་པོ་ཡོད་པས་བྲིན་ཁ་རྒྱུག་པོ་འདུག”ཅེས་སྲང་འཐག་གྲོང་ཚོའི་ལོ་29ལ་སླེབས་པའི་ནུའུ་རིགས་ཀྱི་གཞོན་ནུ་བསོད་ནམས་ཀྱིས་སྤོབས་པ་ཆེན་པོས་བཤད།
“2018ལོར་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ང་ཚོས་སྒོར་ཁྲི་53.75བཏང་ནས་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་380ཡོད་པའི་སྲང་འཐག་གྲོང་ཚོའི་ཆུ་ཚན་མགྲོན་ཁང་བསྐྲུན་པ་ཡིན། མགྲོན་ཁང་ལ་ཁང་མིག་8དང་། ཟ་ཁང་1 ཆུ་ཚན་6ཡོད། གྲོང་མི་འབྲུག་རྒྱལ་ལ་གཉེར་སྐྱོང་འགན་གཙང་སྤྲད་ཚུན། ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཁེ་སྤོགས་སྒོར་ཁྲི་1.5སྤྲོད་ཀྱི་ཡོད”ཅེས་སྲང་འཐག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲེང་ནཱ་ཡིས་ངོ་སྤྲོད་བྱས།
ཞོགས་པར། བསོད་ནམས་ཆོས་འཛོམས་ཁྱིམ་གྱི་དམངས་སྲོལ་གནས་ཚང་དུ་སྐྱོད་སྐབས། གཙང་སྦྲ་ལྡན་པའི་མགྲོན་ཁང་དུ་སྒྲིག་ཆས་གང་དགོས་ཅི་འཛོམས་ཡོད་པ་དང་། ཐབ་ཚང་དུ་གནས་མོ་བསོད་ནམས་ཆོས་འཛོམས་ཀྱིས་མགྲོན་པོར་རྫ་ཡུལ་གྱི་ཁྱད་ལྡན་ཁ་ལག་བཟོ་བཞིན་མཆིས།
“འདི་གར་ཞག་སྡོད་བྱེད་ཆོག་ལ་ས་གནས་འདི་གའི་ཁྱད་ལྡན་སིལ་ཟས་ཀྱི་བྲོ་བའང་མྱོང་ཆོག་པས་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག 2023ལོར་མགྲོན་ཁང་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང”ཞེས་བསོད་ནམས་ཆོས་འཛོམས་ཀྱིས་བཤད།
“དམིགས་བསལ་གྱི་ས་ཁམས་དབང་གིས་སྲང་འཐག་གྲོང་ཚོ་ནི་ལོ་ལྟར་ཉེ་འཁོར་གྲོང་ཚོའི་ནང་ནས་བེ་ཤ་ཐོན་སྔ་ཤོས་ཀྱི་གྲོང་ཚོ་རེད། ཐོན་མ་ཐག་པའི་བེ་ཤ་སྤུས་ཀ་དག་པས་རིན་གོང་ཡག་པོ་རག་གི་ཡོད་སྟབས། རྒྱུན་དུ་ཏ་ལི་གནམ་ཐང་དང་ཁུན་མིང་གནམ་ཐང་བརྒྱུད་ཀོང་ཀྲོའུ་དང་ཧྲང་ཧའེ་སོགས་གྲོང་ཁྱེར་ཆེན་པོར་འཚོང་གི་ཡོད།2023ལོར་ང་ཚོའི་གྲོང་ཚོའི་བེ་ཤའི་ཡོང་འབབ་སྒོར་ཁྲི་90ལྷག་ཙམ་ཟིན་ཡོད། ཚང་མའི་འཚོ་བ་སྔར་བས་ཡག་ཏུ་དང་ཕ་ཡུལ་སྔར་བས་མཛེས་སུ་ཕྱིན་པ་མཐོང་སྐབས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྲོང་མི་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།