དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྒལ་པར་བརྟེན་པ་ནས་གནམ་གྲུས་དབོར་བའི་བར་གྱི་འགྱུར་ལྡོག

    —— ཧུའུ་པེའི་ཙེ་ཀུའེ་ཡིས་མི་མེད་གནམ་གྲུར་བརྟེན་ནས་ཚ་ལུ་མ་སོས་པ་དབོར་བའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-14

    འདི་ནི་མི་མེད་གནམ་གྲུས་ཚ་ལུ་མ་དབོར་བཞིན་པ།

    འབྲི་ཆུའི་ངོགས་ཀྱི་ཚ་ལུ་མའི་ལྡུམ་རར་ཚ་ལུ་མ་སེར་ཐིང་ཐིང་དུ་སྐྱེས་ནས་ཡོད་ཅིང་། ལིའུ་ཡིའུ་ཚུན་གྱིས་ལག་ཤུབས་དཀར་པོ་གྱོན་ནས་བྱང་ཆ་དོད་པོས་ཚ་ལུ་མ་རེ་རེ་བཞིན་འཐུ་བཞིན་འདུག “ད་ལྟ་ནི་ཚ་ལུ་མ་སྨིན་པའི་དུས་ཚིགས་ཡིན་པ་མ་ཟད། རིན་གོང་ཡང་ཡག་པོ་རག་གི་རེད། བྱས་ཙང་གང་མགྱོགས་ཁྲོམ་རར་འཚོང་བར་འགྲོ་དགོས”ཞེས་ལིའུ་ཡིའུ་ཚུན་བྲེལ་བས་ཁེངས་པ་དང་། ཡུད་ཙམ་ཞིག་ལ་ཚ་ལུ་མ་སླེ་པོ་ལྔ་བཏོགས་ཚར།

    དེ་རྗེས་ལིའུ་ཡིའུ་ཚུན་གྱིས་འཁྲིས་སུ་ཡོད་པའི་མི་མེད་གནམ་གྲུ་ཁ་ལོ་སྒྱུར་མཁན་ཞིང་ལས་ཞབས་ཞུ་ཀུང་སིའི་ལས་དོན་པར“བཏོགས་ཚར་སོང་། སྐྱེལ་རོགས”ཞེས་བཤད།

    མི་མེད་གནམ་གྲུ་ཁ་ལོ་སྒྱུར་མཁན་གྱིས་ཁ་པར་ནས་ཐག་རིང་གི་མི་མེད་གནམ་གྲུ་ཁ་ལོ་སྒྱུར་མཁན་ལ་འཕུར་ཆོག་པའི་བཀའ་བཏང་། དཔྱང་ཐག་བཏང་བའི་མི་མེད་གནམ་གྲུ་གསུམ་གཞུང་ལམ་འགྲམ་ནས་དལ་གྱིས་མཁའ་དབྱིངས་སུ་འཕུར་བ་དང་སྐར་མ་གཅིག་ཀྱང་མ་འགོར་བར་ལིའུ་ཡིའུ་ཚུན་གྱི་སར་འབྱོར། ལིའུ་ཡིའུ་ཚུན་གྱིས་མི་མེད་གནམ་གྲུའི་དཔྱང་ཐག་ལ་སླེ་པོ་བཀལ་རྗེས་ལས་དོན་པས་སླར་ཡང་མི་མེད་གནམ་གྲུ་འཕུར་རྒྱུའི་བཀའ་བཏང་། སྐར་མ་གཅིག་སོང་རྗེས་རྒྱ་མ་100བླུགས་པའི་ཚ་ལུ་མའི་སླེ་པོ་མི་མེད་གནམ་གྲུས་རི་སྟེང་གི་ཤིང་འབྲས་ལྡུམ་ར་ནས་རི་གཤམ་གྱི་གཞུང་ལམ་འགྲམ་དུ་དབོར།

    ལིའུ་ཡིའུ་ཚུན་ནི་ཧུའུ་པེ་ཞིང་ཆེན་ཙེ་ཀུའེ་རྫོང་ཆུས་ཡོན་གྲོང་རྡལ་ལན་ཙི་ཡན་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་ཡིན་པ་དང་ཕ་ཡུལ་དུ་ལོག་སྟེ་ཚ་ལུ་མ་བཏབ་ནས་ལོ་བཅུ་ལྷག་ཙམ་སོང་ཡོད། ད་ཆ་ལིའུ་ཡིའུ་ཚུན་ལ་མུའུ་20ལྷག་ཙམ་གྱི་ཚ་ལུ་མའི་ལྡུམ་ར་ཡོད་པ་དང་མུའུ་རེ་ནས་ཚ་ལུ་མ་སོས་པ་རྒྱ་མ་5000ནས་8000བར་ཡོང་གི་ཡོད་པ་མ་ཟད། མུའུ་རེ་ནས་ཡོང་འབབ་སྒོར་ཁྲི་2རག་གི་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་ཚ་ལུ་མ་དབོར་འདྲེན་གྱི་ལས་དོན་དེ་ལིའུ་ཡིའུ་ཚུན་དང་ཚ་ལུ་མ་འདེབས་མཁན་ཞིང་པ་གཞན་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་རེད།

    ཚ་ལུ་མའི་སྡོང་པོ་རི་གཟར་དུ་སྐྱེས་པ་དང་། སྔོན་མ་ཚ་ལུ་མ་ཐོགས་པའི་དུས་ཚིགས་འཆར་རིམ་བཞིན་ལིའུ་ཡིའུ་ཚུན་གྱི་ཕས་ནམ་མ་ལངས་གོང་ནས་ཐོན་ཏེ་ཚ་ལུ་མ་རྒྱ་མ་བརྒྱ་ལྷག་ཙམ་སྒལ་པར་འཁུར་ནས་རི་གཤམ་དུ་དབོར་གྱི་ཡོད། “གླ་མཐོ་པོ་སྤྲད་ནས་མི་གླས་ཚེ་ཉིན་གཅིག་ལ་ཚ་ལུ་མ་རྒྱ་མ་ཁྲི་2འཚོང་ཐུབ་མེད། ཡིན་ནའང་མི་10ཡིས་དབོར་དགོས་པ་དང་ཉིན་ལྟར་དབོར་གླ་སྒོར་སྟོང་ཕྲག་ཁ་ཤས་སྤྲོད་དགོས་ཀྱི་ཡོད”ལིའུ་ཡིའུ་ཚུན་གྱིས་ཚ་ལུ་མའི་སྡོང་པོ་སྐྱེས་སའི་རི་གཟར་གྱི་གཟར་ཚད་ཏུའུ་35ཙམ་ཟིན་པ་དང་ལ་ལ་གཟར་ཚད་ཏུའུ་60ཟིན་གྱི་ཡོད་པས་དབོར་འདྲེན་གྱི་ལས་ཕྱོད་ཆེན་པོ་མེད་ཅེས་བཤད།

    ཙེ་ཀུའེ་རྫོང་གིས་2008ལོའི་རྗེས་སུ་ཞིང་པར་ཚ་ལུ་མའི་ལྡུམ་རར་མེ་འཁོར་ཆུང་ཆུང་གི་འཁོར་ལམ་བཟོ་རྒྱུའི་ལྕག་སྐུལ་བྱས་པ་དང་། འཁོར་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་350ལྷག་ཙམ་ཟིན་པ་མ་ཟད། ཤིང་འབྲས་ལྡུམ་རའི་མུའུ་ཁྲི་6ལ་ཁྱབ་ཡོད། “མེ་འཁོར་ཆུང་ཆུང”དེ་དག་ཡོད་པར་བརྟེན་ཚ་ལུ་མ་རི་གཤམ་གྱི་གཞུང་ལམ་འགྲམ་དུ་དབོར་བར་སྟབས་བདེ་པོ་ཡོད།

    འོན་ཀྱང་། དབོར་འདྲེན་མེ་འཁོར་ཆུང་ཆུང་བེད་སྤྱོད་བྱེད་བདེ་པོ་མེད་ཅིང་། ཕྱོགས་གཅིག་ནས་འཁོར་ལམ་སྒྲིག་སྦྱོར་བྱེད་སྐབས་ཚ་ལུ་མའི་སྡོང་པོ་ཁག་གཅིག་གཅོད་དགོས་པས་ཤིང་འབྲས་འདེབས་མཁན་ཞིང་པ་མི་ཉུང་བ་ཞིག་གིས་ཕངས་སྣང་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་འཁོར་ལམ་བཟོ་བར་མ་གནས་ངེས་ཅན་ཞིག་དགོས་པས་འདེབས་འཛུགས་རྒྱ་ཁྱོན་ཅུང་ཆུང་བའི་ཚ་ལུ་མའི་ཞིང་པར་དཀའ་ངལ་ཆེན་པོ་ཡོད། ཙེ་ཀུའེ་རྫོང་ཞིང་ལས་ཚན་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཆིང་ཀྲུང་གིས་མིག་སྔར་ཙེ་ཀུའེ་རྫོང་གི་ཚ་ལུ་མ་20%ཙམ“མེ་འཁོར་ཆུང་ཆུང”གིས་དབོར་གྱི་ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། ཞིང་སྤྱོད་མི་མེད་གནམ་གྲུ་ཁྱབ་གདལ་བཏང་བ་བརྒྱུད། ཙེ་ཀུའེ་རྫོང་གིས་མི་མེད་གནམ་གྲུའི་ཞིང་ལས་ཞབས་ཞུ་ཀུང་སི་བཙུགས་ནས་ཚ་ལུ་མ་དབོར་གྱི་ཡོད།

    “ད་ཆ་ཚ་ལུ་མ་དབོར་དགོས་ན་ཁ་པར་བརྒྱབ་སྟེ་མི་མེད་གནམ་གྲུ་སྐད་བཏང་ན་འགྲིག་པས་ཧ་ཅང་སྟབས་བདེ་པོ་འདུག ང་ཚོའི་གྲོང་ཚོར་དབྱར་དགུན་སྟོན་དཔྱིད་ཚང་མར་ཚ་ལུ་མ་སོས་པ་ཡོད། མི་མེད་གནམ་གྲུས་ང་ཚོའི་ཚ་ལུ་མ་དབོར་བའི་དཀའ་གནད་ཐག་གཅོད་ཐུབ་སོང”ཞེས་ལིའུ་ཡིའུ་ཚུན་གྱིས་བཤད། ལིའུ་ཡིའུ་ཚུན་འདི་ལོ་མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་གསོ་སྦྱོང་ལ་ཞུགས་ནས་མི་མེད་གནམ་གྲུ་ཞིག་ཉོ་རྩིས་ཡོད་པ་རེད།

    ཉིན་གུང་ཡོལ་རྗེས་ལིའུ་ཡིའུ་ཚུན་གྱིས་ཚ་ལུ་མ་སོས་པ་རྒྱ་མ་400བཏུས་ནས་དབོར་ཟིན་པ་དང་། དབོར་གླ་སྒོར་60སྤྲད་རྗེས་ཁོང་གིས་དྲ་ཐོག་ཚོང་ཁང་བརྒྱུད་ཚ་ལུ་མ་དེ་དག་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་རྒྱུ་རེད། བསིལ་རླུང་དལ་གྱིས་རྒྱུ་བཞིན་ཚ་ལུ་མའི་དྲི་ཞིམ་རི་ཀླུང་གང་སར་འཐུལ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།