དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་དང་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པ།

    —— དུས་ཚིགས་དང་པོའི་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དོ་དམ་གྱི“ལས་གྲྭ་ཆེན་པོ་བརྒྱད”ཀྱི་ལས་ཀའི་བསམ་ཕྱོགས་དང་དུས་ཚིགས་དང་པོའི་ཞིབ་ཕྲའི་གསལ་ཐོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། “ཕོད་པ་བཞིའི”སྙིང་སྟོབས་དར་སྤེལ་གཏོང་བ། ཕར་ཆིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་དོ་དམ་དེ་བས་ཞིབ་ཚགས་པ་དང་། དེ་བས་ཚན་རིག་དང་མཐུན་པ། དེ་བས་ཚད་ལྡན་བཅས་ཡོང་བར་སྐུལ་འདེད་བཏང་སྟེ“ལྟེ་བའི་གྲོང་ཁྱེར་གཉིས”འཛུགས་སྐྲུན་བྱ་ཆེད་གྲོང་ཁྱེར་དོ་དམ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

    དངོས་འཛིན་དངོས་སྒྲུབ་ཀྱི་ཐོག་ནས་གྲོང་ཁྱེར་དོ་དམ་སྔར་བས་ཞིབ་ཚགས་བྱས་པ།

    ཐོ་རེངས་ཆུ་ཚོད་ལྔ་པ་ཙམ་ལ། ནམ་ལངས་མེད་རུང་ལུས་ལ་སྟོད་གོས་སེར་པོ་གྱོན་པའི་མི་ཚོགས་གྲོང་ཁྱེར་གྱི་སྲང་ལམ་གང་ས་ནས་མཐོང་རྒྱུ་ཡོད། ཁོང་ཚོས་ཕྱགས་མ་དང་གད་གཞོང་བཟུང་ནས་ང་ཚོར་ཁོར་ཡུག་གཙང་བའི་གྲོང་ཁྱེར་ཞིག་བསྐྲུན་བཞིན་ཡོད། ཁོང་ཚོ་ནི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཡིན་པ་དང་། མི་རྣམས་ཀྱིས་ཁོང་ཚོར“གྲོང་ཁྱེར་གྱི་རྒྱ་སེ་མེ་ཏོག”དང་། “གཞུང་ལམ་གྱི་ཕོ་ཉ”“གྲོང་ཁྱེར་མཛེས་བཟོ་མཁན”ཅེས་པའི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་གྱི་ཡོད།

    འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས《གྲོང་ཁྱེར་དོ་དམ་གྱི་ཁོར་ཡུག་འཕྲོད་བསྟེན་གཉེར་སྐྱོང་རྣམ་གྲངས་འགན་གཙང་གཉེར་སྐྱོང་དོ་དམ་གྱི་ལས་རྗེས་དཔྱད་ཞིབ་བྱེད་ཐབས》ནན་པོ་གཞིར་བཟུང་། ཁོར་ཡུག་འཕྲོད་བསྟེན་གྱི་ལྟ་སྐུལ་དཔྱད་ཞིབ་ལེགས་སུ་བཏང་ནས་གྲོང་ཁྱེར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་ཁེ་ལས་ཀྱི་ཚད་གཞི་གཏོད་པ་དང་དྭངས་གཙང་གི་གཞིས་རྩེ་གཏོད་པ་དམིགས་ཚད་དུ་བྱས་ནས། ཇོ་མོ་གླང་མ་ལམ་ཚོད་ལྟའི་ས་ཚིགས་སུ་བྱས་ཏེ《དཔེ་སྟོན་ཁྲོམ་གཞུང(ཁྲོམ་གཞུང་རྩེ་གྲ)གཏོད་པའི་ལག་བསྟར་ཇུས་གཞི》བཟོས་ནས་ལྟེ་བའི་གྲོང་ཁུལ་གྱི་གཙང་སྦྲ་ཡག་པོ་མུ་མཐུད་བྱས་ཡོད།     མིག་སྔར་གྲོང་ཁྱེར་ཡོངས་སུ་སྤྱི་པའི་གསང་སྤྱོད་ཁྱབ་ཚད་སྤྱི་ལེ་ངོས་གྲུ་རེར་གསང་སྤྱོད་4.97ཡོད་པ་དང་འཕྲུལ་ཆས་ཀྱིས་གཞུང་ལམ་གཙང་སྦྲ་བྱེད་ཚད་82%ཟིན་ནས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་གཙང་མ་དང་གྲལ་འགྲིག་པོ་ཡོང་བར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་གྱི་སྐྱེལ་འདྲེན་དོ་དམ་ཞབས་ཞུའི་ལས་སྟེགས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཁོར་ཡུག་འཕྲོད་བསྟེན་དང་། སྐྱེད་ཚལ། སྤྱི་གླིང་བཅས་ཁྱབ་ཁོངས་ཀྱི་སྐྱེལ་འདྲེན་དོ་དམ་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་། ཁོར་ཡུག་འཕྲོད་བསྟེན་གཉེར་སྐྱོང་པ་སྒྲིག་འཛུགས་བྱས་ནས་གཅིག་སྡུད་གསོ་སྦྱོང་བྱས་པས་དུས་ཚིགས་དང་པོར་ལས་སྟེགས་སུ་དུས་བཀག་ལྟར་ལས་དོན་སྒྲུབ་ཚད་100%ཟིན་ཡོད།

    གྲོང་ཁྱེར་གྱི་སྔོ་འགྱུར་ནི་གྲོང་ཁྱེར་གྱི་སྤུས་རྟགས་མཚོན་པའི་མིང་བྱང་ཞིག་ཡིན། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྔོ་ལྗང་མང་དུ་གཏོང་བ་དང་། སྔོ་འགྱུར་རྒྱ་ཁྱོན་ཆེ་རུ་གཏོང་བ། སྤུས་ཚད་དང་ཚད་གཞི་མཐོ་རུ་གཏོང་བ་བཅས་ལས་དོན་གྱི་དམིགས་ཚད་དུ་བྱས་ཏེ། སྔོན་ནས་ཇུས་འགོད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྔོ་འགྱུར་མཐིལ་རྟོགས་དང་ཡོངས་ཁྱབ་ཞིབ་བཤེར་ལེགས་སྒྲུབ་བྱས་པ་དང་འབྲེལ་གྲོང་ཁྱེར་གྱི་འཁོར་སྐྱོད་དོ་དམ་ཞབས་ཞུའི་ལས་སྟེགས་སུ་བཅུག་ནས《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་སྔོ་ལྗང་དང་སྤྱི་གླིང་བདག་སྐྱོང་སྲུང་སྐྱོང་དོ་དམ་གྱི་དཔྱད་ཞིབ་བྱ་ཐབས》ལག་བསྟར་ནན་པོ་བྱས་ཏེ། དཔྱད་དཔོག་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་རྣམ་ཅན་དུ་སྔོ་འགྱུར་རྩྭ་ངན་མེད་པར་བཟོ་བ་དང་། ཆུ་འདྲེན་པ། ནད་དང་གནོད་འབུ་འགོག་པ། ཤིང་སྡོང་ལ་ཡལ་གཅོད་རྒྱག་པ། སྤྱི་གླིང་དོ་དམ་སོགས་ཀྱི་བདག་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས། སྡོང་རིང་ལྗོན་ཤིང་2960གསབ་འདེབས་བྱས་པ་དང་། སྔོ་ལྗང་རྩི་ཤིང་རྐང་ཁྲི་48བཏབ་པ། ལམ་འགྲམ་གྱི་ལྗོན་ཤིང་15764ལ་ཡལ་གཅོད་བརྒྱབ་པ། ཤིང་རུལ་1927བཀོག་པ་བཅས་བྱས་ཡོད།

    དོ་དམ་དང་བཅོས་སྐྱོང་ཟུང་འབྲེལ་བྱས་པས་གྲོང་ཁྱེར་དོ་དམ་དེ་བས་ཚད་ལྡན་དུ་གྱུར་བ།

    གཞིས་རྩེ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་ཀྱིས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། དམངས་འཚོའི་དགོས་མཁོར་བསྟུན་པ། དུས་རབས་ཀྱི་འཕེལ་ཕྱོགས་ལ་གཞིགས་པ་བཅས་བྱས་ཏེ། དོ་དམ་བཅོས་སྐྱོང་ཟུང་འབྲེལ་བྱས་ནས་གྲོང་ཁྱེར་དོ་དམ་བྱེད་རིང་གྲོང་ཁྱེར་གྱི་སྒྲིག་ལམ་དང་། གད་སྙིགས་རིགས་དབྱེ། སོལ་རླངས་བདེ་འཇགས་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གོ་རིམ་ལྡན་པ་དང་བདེ་འཇགས་ཚོར་སྣང་ཆེན་པོ་ལྡན་པའི་གྲོང་ཁྱེར་ཧུར་ཐག་བཏོད་ཡོད།

    གྲོང་ཁྱེར་གྱི་རྣམ་པ་དང་སྒྲིག་ལམ་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱས་ཤིང་། གྲོང་ཁྱེར་གྱི་ཟང་ཟིང་རྣམ་པ་བཅོས་སྐྱོང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རྒྱུན་གཏན་དུ་སྤེལ་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་དཔྱིད་དུས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དབྱར་སྟོན་གཉིས་ཀྱི་ལས་དོན་ཁག་བརྟན་པོ་ཡོང་བའི་འགན་ལེན་བྱས་ཏེ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་ཐབས་སྤྱད་ནས་ཁྱད་ལྡན་ཁྲོམ་གཞུང་དང་། ཞིང་ཚོང་ཁྲོམ་ར། འགྲིམ་འགྲུལ་ལྟེ་གནས་སོགས་སུ་ལམ་བཟུང་གཉེར་སྐྱོང་དང་རླངས་འཁོར་གང་བྱུང་དུ་འཇོག་པའི་ཟང་ཟིང་གི་གནད་དོན་ཐོན་མང་བའི་ས་ཁོངས་ལ་དམ་པོར་དམིགས་ཤིང་། “སྒོ་འགྲམ་གྱི་འགན་གཙང་གསུམ”གྱི་འགན་འཁྲིའི་ལམ་ལུགས་ཀྱི་དྲིལ་བསྒྲགས་ཤོག་ལྷེ་225སྤྲད་པ་དང་། སྒྲིག་འགལ་ངང་ལམ་གང་བྱུང་དུ་བཟུང་བའི་བྱེད་སྤྱོད་1436ཡོ་བསྲང་བྱས་པ། སྐོར་སྐྱོད་ཚོང་རྒྱག་ས་53ལ་ཞིབ་བཤེར་ཐག་གཅོད་བྱས་པ། 《ཁ་ཏ་སློབ་སྟོན་ཡི་གེ》23བཀྲམ་པ་བཅས་བྱས་པ་དང་། དེས་མ་ཚད་མཉམ་འདོམས་མཉམ་བཅོས་ཀྱི་དོ་དམ་བྱེད་ཐབས་བཟོས་ཡོད།

    གད་སྙིགས་རིགས་དབྱེ་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ཞིང་། གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེའི་འགོ་ཁྲིད་ཚོགས་ཆུང་གི་2024ལོའི་ཚོགས་འདུ་ཐེངས་དང་པོ་སྒྲིག་འཛུགས་བྱས་ནས་2023ལོ་འཁོར་གྱི་སྡོད་ཁང་འཛུགས་སྐྲུན་པུའི་དཔྱད་དཔོག་ཚུར་ལན་བསམ་འཆར་དག་ཐེར་དང་དོན་འཁྱོལ་ལ་སྣེ་ཁྲིད་བྱས་ཡོད། རིམ་རྩིས་བརྒྱབ་ན“སྤེལ་བ་ལྔའི”སྒྲོག་འགྲེལ་བྱེད་སྒོ་ཐེངས་8སྤེལ་བར་མི་ཐེངས་1000ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཚན་པ་38ལ་གནོད་ཡོད་གད་སྙིགས་གཤོ་ས་མང་དུ་གཏོང་བར་ལྕག་སྐུལ་བྱས་ནས་འཚོ་བའི་གད་སྙིགས་རིགས་དབྱེ་ཁྱབ་ཚད་80.22%ཟིན་པ་དང་འཚོ་བའི་གད་སྙིགས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་བྱེད་ཚད་20.99%ཟིན་ཡོད།

    སོལ་རླངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་ནུས་ལྡན་བྱས་ཤིང་། ལྟ་སྐུལ་དོ་དམ་ནན་པོ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་འཆར་ཅན་ཚོགས་འདུ་འཚོགས་ནས་འགོ་ཁྲིད་གཙོ་བོས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་ལྐོག་ཞིབ་བྱེད་པ་དང་། ཁོངས་མིའི་ཚན་པས་མཉམ་དུ་འཐེན་བཤེར་བྱེད་པ། རྫོང་དང་ཆུས་ཀྱིས་ཕྱོགས་ཡོངས་ནས་ཞིབ་བཤེར་ཞིབ་ཕྲ་བྱེད་པ་བཅས་ཀྱི་བྱ་ཐབས་བརྒྱུད། ཁྲིམས་སྒྱུར་ཞིབ་བཤེར་བྱ་སྤྱོད་རྒྱུན་དུ་སྤེལ་བ་དང་འབྲེལ་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་དང“ཕྱིར་མིག་ལྟ་བའི”ཆེད་དོན་ཞིབ་བཤེར་ཧུར་ཐག་བྱས་ཏེ། ཁྲིམས་སྒྱུར་ལྟ་སྐུལ་གནད་འཁེལ་དང་། མངོན་མེད་རྐྱེན་ངན་དག་ཐེར་དོན་ཐོག་ཏུ་འཁྱོལ་བ། བདེ་འཇགས་འགོག་ཟོན་དོན་ཐོག་ཏུ་འཁྱོལ་བ་བཅས་འགན་ལེན་བྱས་ཡོད།

    གསར་གཏོད་ཚད་བརྒལ་བྱས་པས་གྲོང་ཁྱེར་དོ་དམ་སྔར་བས་ཚན་རིག་དང་མཐུན་པ།

    གཞིས་རྩེ་གྲོང་ཁུལ་དུ་གང་སར་གྲོང་མིའི་སྡོད་ཁང་གསར་དུ་སྐྲུན་པ་དང་ལམ་བུ་བསྔོགས་ནས་ཉམས་བཟོ་བྱེད་པའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། གཞིས་རྩེ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་ཀྱིས་གྲོང་མི་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ལ་གཞིགས་ནས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་པའི“དོན་ཆུང”ཐག་གཅོད་བྱས་ཏེ་གྲོང་ཁྱེར་དོ་དམ་དེ་བས་ཚད་ལྡན་དུ་བཏང་ཡོད།

    འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་ཀྱིས་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ཏེ། ལས་ཡུལ་གྱི་ར་སྐྱོར་དང་འགྲོ་ལམ་སྔོག་པའི་ཞིབ་མཆན་འགོད་པའི་ལམ་ལུགས་ལ་ནན་པོར་གཞིགས་ནས《འགྲོ་ལམ་སྔོག་པའི་ཨར་ལས་བྱེད་སྤྱོད་ལ་དོ་དམ་ནན་པོ་བྱས་ནས་ཨར་ལས་ཀྱིས་དམངས་སུན་པོ་ཉུང་ཙམ་བཟོ་རྒྱུའི་སྐོར་གྱི་བརྡ་ཁྱབ》ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཞིབ་མཆན་གྱི་འགག་སྒོ་ནན་པོ་སྲུང་བ་དང་། ར་སྐྱོར་སྐོར་བའི་བླང་བྱ་གསལ་པོར་འདོན་པ། ཚན་རིག་དང་མཐུན་པའི་སྔོག་འདོན་འཆར་གཞི་བཟོ་བ་བཅས་བྱས་པ་མ་ཟད། ཨར་སྐྲུན་རྣམ་གྲངས་ཀྱིས་ལམ་བཟུང་ནས་ར་སྐྱོར་སྐོར་རྗེས་རྣམ་གྲངས་འགོ་མི་འཛུགས་པའི་རིགས་ལ་ཆེད་དོན་བཅོས་སྐྱོང་བྱེད་པར་སྣེ་ཁྲིད་དང་། ལམ་བུ་སྔོག་འདོན་གྱི་ཞིབ་མཆན་འཆར་འགོད་དོ་དམ་དང་དེ་བཞིན་ཞིབ་མཆན་བཀོད་རྗེས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལས་དོན་སྤེལ་བ་བཅས་བྱས་ནས། ཨར་སྐྲུན་སྔོག་འདོན་ལས་དོན་གོ་རིམ་ལྡན་པ་དང་ནུས་པ་ལྡན་པའི་ངང་སྤེལ་བའི་འགན་ལེན་བྱས་ཡོད།

    རིག་ལྡན་གྲོང་ཁྱེར་དོ་དམ་ནི་རིག་ལྡན་གྲོང་ཁྱེར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་ཀྱིས་ཚན་རྩལ་ནུས་པར་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་འཁོར་སྐྱོད་དོ་དམ་ཞབས་ཞུའི་ལས་སྟེགས་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་། གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་གྲངས་གཞི་མཉམ་སྤྱོད་དང་འབྲེལ་མཐུད་ལས་དོན་ལེགས་སྒྲུབ་བྱས་པ། ལས་སྟེགས་ཀྱི་ཐོག་མའི་ཞིབ་བཤེར་གྱི་གནད་དོན་ཁག་17དག་ཐེར་ལེགས་སྒྲུབ་བྱས་པ། སྐད་འཕྲིན་བྱ་རིམ་ཆུང་གྲས“ཇོ་མོ་གླང་མའི་གྲོང་མི་ཀུན་ཁྱབ”ཁྱབ་གདལ་བེད་སྤྱོད་བྱས་པ། “དམངས་ཕན་བློ་འདྲི”དང་། “གྲོང་མི་ཞུགས་པ”“ཚོང་དུད་ཞབས་ཞུ”“ཆ་འཕྲིན་བློ་འདྲི”སོགས་ཀྱི་ནུས་པ་གསར་སྤེལ་བྱས་པ་དང་། སྤྱི་པའི་གསང་སྤྱོད་ཀྱི“ཨང་གཅིག་ཤར་བགྲོད”དང་། རླངས་འཁོར་འཇོག་སའི“དྲ་གཅིག་ཤར་བགྲོད” སྤྱི་གླིང་གི“གནས་གཅིག་ཤར་བགྲོད”ལམ་སྲོལ་སོགས་ཀྱི་ཆ་འཕྲིན་ཅན་གྱི་ལས་སྟེགས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།